ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །མཚུངས་མེད་སློབ་གྲྭའི་འགན་འཛིན་རྣམ་པ་དང་དགེ་རྒན་ལྷན་རྒྱས་ལ་ཞུ་དོན། ཏོག་དབྱིབས་གཉན་རིམས་ ༡༩ (COVID-19) ཁྱབ་གདལ་མི་འགྲོ་བའི་ཆེད་རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༥ ནས་ཉིན་གྲངས་ ༢༡ རིང་ཐེམ་སྤངས་བཀག་རྒྱ་བཀྲམ་ཡོད་པ་དང་། འབྲེལ་ཡོད་རྒྱ་གར་མངའ་སྡེ་ཁག་དང་དཔལ་ལྡན་བཀའ་ཤག་ནས་ཀྱང་ཁྱིམ་དུ་བཞུགས་དགོས་པའི་ལམ་སྟོན་དུས་ནས་དུས་སུ་གནང་ཡོད། སློབ་གྲྭ་ཕལ་ཆེ་བ་ཟླ་ ༤ པའི་ཟླ་མཇུག་བར་སྒོ་བརྒྱབ་ཡོད་པར་བརྟེན། དུས་སྐབས་འདིའི་རིང་དགེ་རྒན་རྣམ་པས་རང་ཉིད་ཀྱི་ཆེད་ལས་ཡར་རྒྱས་གཏོང་བ་དང་། དེང་དུས་ཀྱི་འཕྲུལ་རིག་བེད་སྤྱོད་བཏང་ནས་སློབ་མ་རྣམས་ཁྱིམ་དུ་སློབ་སྦྱོང་བྱེད་པར་རོགས་རམ་གང་ཐུབ་གནང་རོགས་ཞུ་རྒྱུ་ཡིན།
དགེ་རྒན་རྣམ་པས་རང་ཉིད་སྒེར་རམ། ལས་རོགས། སློབ་མ་བཅས་དང་མཉམ་འབྲེལ་གྱིས་བྱེད་སྒོ་སྤེལ་ཆེད་གཤམ་དུ་དཔེ་མཚོན་བྱེད་སྒོ་ཁག་ཅིག་བཀོད་ཡོད།
ཀ༽ དགེ་རྒན་ཆེད་ལས་ཡར་རྒྱས་བྱེད་སྒོ། དགེ་རྒན་གྱི་ཆེད་ལས་ཡར་རྒྱས་གཏོང་ཆེད་དགེ་རྒན་རྣམ་པས།
༡། སློབ་གསོ་དང་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་དཔེ་དེབ་དང་། རྩོམ་ཡིག དུས་དེབ་སོགས་ལྟ་ཀློག་གནང་སྟེ། སྤྱི་ཚོགས་དྲ་བ་བརྒྱུད་གཞན་ལ་བརྒྱུད་སྤེལ་བྱེད་པ།
༢། དཔེ་ཀློག་དང་སློབ་ཁྲིད་མྱོང་ཚོར་སོགས་དང་འབྲེལ་བའི་བསམ་གཞིག་རྩོམ་ཡིག་འབྲི་བ།
༣། ཆེད་ལས་ཡར་རྒྱས་དང་འབྲེལ་བའི་འཆར་གཞི་འདིང་བ་དང་འདས་པའི་འཆར་གཞིར་བསྐྱར་ཞིབ་བྱེད་པ།
༤། དྲ་ཐོག་སློབ་གཉེར་གྱི་(ELearning) སྡིངས་ཆ་ཁག་བེད་སྤྱོད་གཏོང་བ།
༥། སློབ་ཁྲིད་ཀྱི་ཉམས་མྱོང་དང་བྱེད་ཐབས་ཡག་ལེགས་ཤོས་དང་འབྲེལ་བའི་དྲ་རྩོམ་སྤེལ་བ།
༦། ཡུ་ཊུབ་དང་ཁཱན་སློབ་ཁང་(Khan Academy) སོགས་ནས་དངོས་བྱུང་གློག་བརྙན་ལྟ་བ།
༧། དྲ་ཐོག་སློབ་གཉེར་གྱི་ཉམས་མྱོང་སྤེལ་ཆེད་དགེ་རྒན་གྱི་དྲ་ཚོགས་སུ་འཛུལ་ཞུགས་བྱེད་པ།
༨། སློབ་ཁྲིད་ཀྱི་སྦྱང་འབྲས་ལ་གཞིགས་ཏེ་སློབ་ཚན་འཆར་འགོད་དང་དྲི་བ་བཟོ་འགོད་བྱེད་པ།
༩། དུས་རབས་ཉེར་གཅིག་པའི་ཐབས་རྩལ་དང་ཚད་མཐོའི་རིག་རྩལ་སྐྱེད་སྲིང་ཆེད་བྱེད་སྒོ་བཟོ་འགོད་བཅས་བྱེད་དགོས།
ཁ༽ སློབ་མའི་སློབ་གཉེར་ཆེད་རོགས་རམ།
༡། འཛིན་གྲྭའི་དགེ་རྒན་གྱིས་སློབ་ཚན་ཁག་གི་དགེ་རྒན་དང་འཛིན་གྲྭའི་སློབ་མ་རྣམས་ཀྱི་ཆེད་ཝཊས་ཨེཔ་ WhatsApp) སྐད་འཕྲིན་དང་ངོ་དེབ་ཀྱི་ཚོགས་པ་འཛུགས་པ།
༢། སློབ་ཚན་དགེ་རྒན་རྣམ་པས་བརྗོད་གཞི་སྣ་ཚོགས་ཐོག་སྒྲ་འཇུག་དང་བརྙན་པར་བླངས་ཏེ། ཝཊས་ཨེཔ་(WhatsApp) སྐད་འཕྲིན་དང་། ངོ་དེབ། ཡུ་ཊུབ་སོགས་ནས་བརྒྱུད་སྤེལ་བྱེད་པ།
༣། དགེ་རྒན་གྱིས་དྲ་ཐོག་ཏུ་ཡོད་པའི་སློབ་ཚན་རྒྱུ་ཆ་འཚོལ་བཤེར་བྱས་ཏེ་སློབ་ཕྲུག་ལ་བརྒྱུད་སྤེལ་བྱེད་པ།
༤། སློབ་ཕྲུག་གིས་ཕ་མའི་རོགས་སྐྱོར་འོག་ཐད་ཀར་བྱེད་ཐུབ་པའི་བྱེད་སྒོ་དང་ནང་སྦྱོང་རིགས་སྐུར་བ།
༥། སྐད་ཡིག་དགེ་རྒན་གྱིས་སློབ་མར་སྒྲུང་དེབ་ཀློག་པ་དང་། སྒྲུང་དང་། སྙན་ཚིག གཞས་སོགས་འབྲི་འཇུག་པ་བཅས་བྱེད་དགོས།
ག༽ དྲ་ཐོག་སློབ་གཉེར་གྱི་སྡིངས་ཆ་བཀོལ་སྤྱོད།
༡། བོད་ཡིག་སློབ་སྦྱོང་དྲ་ཚིགས།
དྲ་ཚིགས་འདི་ནི་ཤེས་རིག་ལས་ཁུངས་ནས་བཟོ་འགོད་བྱས་པ་ཞིག་ཡིན་ཅིང་། འདིའི་ནང་བོད་ཡིག་སློབ་གཉེར་སྦྱོང་བརྡར་རིགས་དང་། གཞི་རིམ་འོག་མའི་ཚན་རིག་དང་། རྩིས་རིག བོད་ཡིག་བཅས་ཀྱི་བརྙན་འཕྲིན་སློབ་ཁྲིད། དེ་བཞིན་བྱིས་པའི་སྒྲུང་དེབ་དང་ཀློག་དེབ་ཧ་ཅང་མང་པོ་ཡོད།
༢། ཝིཀཱསེ་རིག་མཛོད། VIKASPEDIA
དྲ་ཚིགས་འདི་ནི་རྒྱ་གར་གཞུང་གི་མཐུན་སྦྱོར་འོག་རྒྱལ་ཡོངས་རང་བཞིན་དུ་བཟོ་འགོད་བྱས་ཡོད་ཅིང་། འདིའི་ནང་། ཞིང་ལས་དང་། འཕྲོད་བསྟེན། སློབ་གསོ། སྤྱི་ཚོགས་བདེ་དོན། ནུས་པ། དྲ་ཐོག་འཛིན་སྐྱོང་བཅས་བརྗོད་གཞི་ཆེ་ཁག་དྲུག་གི་གནས་ཚུལ་ཡོད་པས། དགེ་རྒན་དང་སློབ་མ་རྣམས་ནས་འོས་འཚམ་བཀོལ་སྤྱོད་བྱས་ཆོག
www.vikaspedia.in/education/teachers-corner
www.vikaspedia.in/education/childrens-corner
༣། དིཀ་ཤཱ། DIkSHA
དྲ་ཚིགས་འདི་ནི་དགེ་རྒན་དང་། སློབ་ཕྲུག ཕ་མ་བཅས་ཀྱིས་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་དང་འབྲེལ་བའི་སློབ་ཁྲིད་ཐབས་ལམ་དང་རྒྱུ་ཆ་སྣ་མང་བཀོལ་སྤྱོད་ཆོག་པའི་དྲ་ཚིགས་ཤིག་ཡིན་ཅིང་། དྲ་ཚིགས་འདིའི་བཀོལ་སྤྱོད་མཉེན་ཆས་(APP) ནི་ IOS དང་གྷུ་གྷལ་མཉེན་མཛོད་གང་རུང་ནས་ཕབ་ལེན་བྱེད་ཐུབ།
༤། ཨིཔཱཐཤཱལཱ། EPATHSHALA
དྲ་ཚིགས་དང་ཁ་པར་བཀོལ་སྤྱོད་མཉེན་ཆས་འདི་ནི་ NCERT ཡིས་བཟོ་འགོད་བྱས་ཤིང་། འདིའི་ནང་སྒྲ་དང་། བརྙན། འཕྲུལ་དེབ་སོགས་སྣ་མང་ཡོད་ཅིང་། དགེ་རྒན་དང་། སློབ་ཕྲུག་སུ་རུང་ནས་སྤྱད་ཆོག
༥། ནིཤཐཱ NISHTHA
འདི་ནི་དགེ་རྒན་སྦྱོང་བརྡར་དྲ་ཚིགས་དང་ཁ་པར་བཀོལ་སྤྱོད་མཉེན་ཆས་མཉམ་འདུས་ཤིག་ཡིན། དགེ་རྒན་དང་སློབ་གསོ་བ་རྣམ་པས་སློབ་ཁྲིད་དཔེ་མཚོན་དང་། བརྙན་ཐུང་། སྒྲ། སྟབས་བདེའི་བརྙན་སྟོན་ PPT སོགས་རིན་མེད་ངང་ཕབ་ལེན་ཆོག་པའི་དྲ་ཚིགས་ཤིག་ཡིན།
༦། རྒྱལ་ཡོངས་ཤེས་ཡོན་བང་མཛོད། NROER
དྲ་ཚིགས་འདིའི་ནང་བརྗོད་དོན་སྤུས་ཚད་ལེགས་པའི་དངོས་བྱུང་གློག་བརྙན་དང་། སྒྲ། པར་སོགས་ཧ་ཅང་མང་པོ་ཡོད་པས། དགེ་རྒན་རྣམ་པས་རང་ཉིད་ཀྱི་ཆེད་ལས་ཡར་རྒྱས་ཆེད་བཀོལ་སྤྱོད་བྱས་ཆོག
www.nroer.gov.in/home/repository
༧། ཁཱན་སློབ་ཁང་། KHAN ACADEMY
དྲ་ཚིགས་འདིའི་ནང་འཛིན་རིམ་འདྲ་མིན་གྱི་ཚན་རིག་དང་། རྩིས་རིག ཀམ་པུ་ཊར། ལོ་རྒྱུས། དཔལ་འབྱོར་རིག་པ་སོགས་ཀྱི་སློབ་ཚན་དང་སྦྱོང་བརྡར་ཧ་ཅང་མང་པོ་ཡོད་པས། སློབ་གཉེར་བ་རྣམས་ཀྱིས་རང་ཉིད་ཀྱི་གནས་བབ་དང་དགོས་མཁོ་ལ་དཔགས་ནས་སྤྱད་ཆོག
༨། ཝཱུཀསེ། VOOKS
དྲ་ཚིགས་འདིའི་ནང་འགུལ་བརྙན་སྒྲུང་གཏམ་དང་། མཉམ་ཀློག་སྒྲ་དེབ་མང་པོ་ཡོད་ཅིང་། ལོ་དང་པོའི་རིང་རིན་མེད་དུ་བེད་སྤྱོད་བྱས་ཆོག་པས། ཨིན་ཇིའི་སྐད་ཡིག་དགེ་རྒན་རྣམ་པས་དྲ་ཚིགས་འདི་སློབ་འགོ་ཚུགས་སྐབས་བེད་སྤྱོད་གནང་ཆོག
www.vooks.com/teacher-appreciation
༩། དེབ་མཛོད། ARCHIVE
རིམས་ནད་ཁྱབ་པའི་དུས་སྐབས་སུ་དེབ་གཟུགས་དཔེ་དེབ་ཐབས་འཚོལ་བྱེད་དཀའ་བར་བརྟེན། དྲ་ཐོག་དེབ་མཛོད་ཀྱིས་ཕྱི་ལོ་༢༠༢༠ ཟླ་ ༦ ཚེས་ ༣༠ བར་དཔེ་དེབ་ས་ཡ་ ༡ དང་འབུམ་ ༤ ལྷག་རིན་མེད་དུ་ལྟ་ཀློག་ཆོག་པའི་གོ་སྐབས་གནང་ཡོད་ཅིང་། མི་གཅིག་གིས་བརྗོད་གཞི་འདྲ་མིན་ཐོག་དེབ་བཅུ་གཡར་ཆོག
༡༠། དགེ་རྒན་གྱི་བཀོལ་སྤྱོད་མཉེན་ཆས། TEACHER APP
དྲ་ཚིགས་འདི་ནི་ཧིནྡཱིའི་སྐད་ཡིག་ཐོག་ཡོད་ཅིང་། འདིའི་ནང་རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་ཧ་ཅང་མང་པོའི་སློབ་ཁྲིད་ཐབས་ལམ་དང་རྒྱུ་ཆ་སོགས་སྒྲ་བརྙན་གཉིས་ཀའི་ཐོག་བཀོད་ཡོད་པ་མ་ཟད། ཚད་མཐོའི་རིགས་རྩལ་དང་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་རྒྱུ་ཆ་མང་པོ་ཞིག་ཕབ་ལེན་བྱ་རྒྱུ་ཡོད།
ད་ལྟའི་གནས་སྟངས་འདི་ཡུན་རིང་ལོས་ཇི་ཙམ་གནས་མིན་ང་ཚོས་ཚོད་དཔགས་བྱེད་དཀའ་བས། དུས་སྐབས་འདིར་དགེ་རྒན་རྣམ་པས་འཕྲུལ་ཆས་དང་འཕྲུལ་རིག་བེད་སྤྱོད་གནད་སྨིན་བྱས་ཏེ། རང་གི་ལས་རོགས་དང་། སློབ་ཕྲུག འཛམ་གླིང་ཁྱོན་ཡོངས་ཀྱི་སློབ་གསོ་བ་རྣམས་དང་མཉམ་སྤྱོད་གནང་ཐུབ་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཁྱིམ་དུ་བཞུགས་པ་དང་། སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་བཅས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༢༠ ཟླ་ ༤ ཚེས་ ༧ ལ།