ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༨ ཉིན་སྦེལ་ཇམ་དབུས་གྲོས་ཚོགས་འོག་མིའི་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་སེ་མུལ་ཁོ་གྷོ་ལ་ཊི་ Samuel Cogolati མཆོག་གིས་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་ཞེས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། འཛམ་གླིང་ནང་རང་དབང་ཆེས་ཞན་ཤོས་ནི་སི་རི་ཡ་ Syria ཡིན་པ་དང་ཨང་གཉིས་པ་བོད་རེད། རྒྱ་ནག་གཞུང་གིས་མཐོང་མཆན་སྤྲོད་ཕྱོགས་ཀྱིས་མཚོན་པའི་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མི་ཚོའི་ཐོག་དྲག་གནོན་དང་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་དང་། དཔེར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་བཅས་བཙན་ཁྲིད་གསང་ཉར་བྱས་སྟབས་མི་མང་གིས་ད་བར་ལོ་ངོ་ ༢༥ རིང་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་མིག་མཐོང་རྣ་ཐོས་ཡོད་མཁན་སུ་གང་བྱུང་མྱོང་མེད། ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༡ ལ་ཕེབས་ཀྱི་ཡོད་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གར་སོང་ཆ་མེད་ཀྱི་ལས་དོན་ཚོགས་ཆུང་UN Working Group on Enforced or Involuntary Disappearances ནས་ཕྱི་ལོ་ ༡༩༩༥ ལོར་རིན་པོ་ཆེ་མཆོག་གར་སོང་ཆེ་མེད་དུ་གྱུར་བའི་ཐོ་འགོད་གནང་ཡོད། རིན་པོ་ཆེ་མཆོག་ནི་འཛམ་གླིང་གི་ཆབ་སྲིད་བཙོན་པ་ཆེས་ཆུང་ཤོས་དེ་ཆགས་ཡོད། རང་ཉིད་སྦེལ་ཇམ་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཡིན་པའི་ཆ་ནས་འདི་ལོ་བོད་ཀྱི་བླ་ཆེན་ཨང་གཉིས་པ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ ཧྲིལ་པོ་འཁོར་བའི་དྲན་གསོའི་སྲུང་བརྩི་དང་བསྟུན། ངས་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་ཡབ་ཡུམ་རྣམ་པ་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད།ཅེས་སོགས་ཀྱི་བསྒྲགས་གཏམ་སྤེལ་འདུག་པ་བཅས།།