༢༠༢༠ ཟླ་ ༤ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༨ ཉིན་སྦེལ་ཇམ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Mr Samuel Cogolati མཆོག་གིས་གྲོས་ཚོགས་ནང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གི་བཙན་འོག་ནས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ཐད་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་དང་སྦྲགས། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པར་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག ལྷག་པར་ཁོང་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ད་ཆ་མི་ལོ་ཧྲིལ་པོ་ ༢༥ འཁོར་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་སྦེལ་ཇམ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཀྱིས་མཚོན་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་ཞུ་རྒྱུའི་ལམ་ལུགས་ཐོག་ལངས་ཕྱོགས་ཁ་གསལ་དགོས་པའི་རེ་འདུན་བཏོན་གནང་འདུག
དེར་བརྟེན་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ བཞེས་པའི་སྐུའི་འཁྲུངས་སྐར་ཉིན་མོར་སྦེལ་ཇམ་ཕྱི་སྲིད་དང་བདེ་སྲུང་བཀའ་བློན་སྐུ་ཞབས་ཕི་ལིབ་གྷོ་ཕིན་ Mr. Philippe Goffin མཆོག་གིས། སྦེལ་ཇམ་གཞུང་ལ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་འཚབ་ཆེན་པོ་ཡོད་པ་མ་ཟད། ལྷག་པར་མི་ལོ་ཧྲིལ་པོ་ ༢༥ རིང་རྒྱ་ནག་གཞུང་གི་བཙན་འོག་ནས་གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཐོག་དམིགས་བསལ་ཐུགས་ཁུར་ཆེ་བཞེས་གནང་བཞིན་ཡོད་སྐོར་དང་། བློན་ཆེན་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩད་གཅོད་ཞུ་རྒྱུའི་ལམ་ལུགས་ནི་བོད་མི་ནང་པ་ཁོ་ནས་ཐག་གཅོད་ཞུ་དགོས་པ་ལས། ཕྱི་ནས་ཆབ་སྲིད་དབང་འཛིན་པ་སུ་ཞིག་གིས་གནོན་ཤུགས་སྤྲད་ཚེ་འགྲིག་ཐབས་མེད། ཉིན་ཤེས་གོང་ཕྱག་སྦྲེལ་སྤྱི་འཐུས་ཞིག་གིས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐོག་གྲོས་ཚོགས་ནང་དྲི་བ་བཏོན་གནང་བར་བརྟེན། དེ་རིང་ངས་གནད་དོན་དེ་དག་ཐོག་སྦེལ་ཇམ་གཞུང་གི་ལངས་ཕྱོགས་འདི་ལྟར་ཡིན་ཞེས་ཞུ་རྒྱུ་དང་།
ལྷག་པར་སྦེལ་ཇམ་གཞུང་གིས་རྒྱ་སྦལ་ཡུལ་གཉིས་ཀྱི་འབྲེལ་ལམ་གནང་སྐབས་ཙམ་མ་ཟད། སྲིད་གཞུང་གཞན་དང་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་དང་། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་ཡིན་གསལ་བཤད་ཡོང་ཐབས་ཆེད་འབད་བརྩོན་གནང་དང་གནང་མུས་ཡིན་སྐོར་གསུང་དོན། ངས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་སེམས་འཚབ་ཆེན་པོས་དོ་སྣང་བྱེད་བཞིན་ཡོད། ཡུ་རོབ་སྤྱི་མཐུན་ཚོགས་པའི་བོད་དོན་ཐོག་ལངས་ཕྱོགས་གཅིག་གྱུར་ཞིག་ཡོང་ཐབས་སླད་སྦེལ་ཇམ་གཞུང་གིས་མུ་མཐུད་རམ་འདེགས་ཞུ་བཞིན་ཡོད། ཅེས་ལན་འདེབས་གནང་འདུག །