༢༠༢༠ ཟླ་ ༤ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །འདི་གར་ས་གནས་ནས་བཏང་གནས་ནང་འཁོད་དོན། དེང་སྐབས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེས་པའི་ཏོག་དབྱིབས་གཉན་རིམ་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པ་དེར་གདོང་ལེན་ཆེད། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་ཆགས་པའི་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་མཉམ་འབྲེལ་ནས་ཁྱབ་ཁོངས་མི་མང་རྣམས་ལ་ཛ་དྲག་ངལ་སྐྱོབ་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་ཅིང་།
དེ་ཡང་སྦེལ་ཀོབ་ཏུ་ལུགས་བདེ་གཞིས་ཆགས་གཉིས་དང་གྲོང་སྡེ་ ༢༤ ཙམ་ཞིག་ཡོད་སྟབས། འཚོ་བྱེད་སྨན་ཁང་ནས་ཚ་བའི་བརྟག་དཔྱད་གནང་རྒྱུར་མི་ཆ་དང་ཡོ་ཆས་ཀྱིས་མི་འདེང་བའི་དཀའ་ངལ་ཡོད་པར་བརྟེན། གྲོང་སྡེ་སོ་སོ་ནས་དང་བླང་སྨན་ཞབས་ཐབས་འཚོལ་གྱིས་ཚ་བའི་བརྟག་དཔྱད་ཁུངས་སོ་སོ་ནས་གནང་ཐུབ་ཚེ་འཚོ་བྱེད་སྨན་ཁང་ལ་དཀའ་སེལ་དང་། བརྟག་དཔྱད་ཀྱང་ཚགས་ཚུད་དོན་ལྡན་ཞིག་ཡོང་རྒྱུའི་དགེ་མཚན་མཐོང་སྟེ་འདི་ག་ལས་ཁུངས་ནས་ལུགས་བསམ་མཉམ་འབྲེལ་ཚོགས་གཙོ་བོད་མི་མང་སྤྱི་འཐུས་པདྨ་བདེ་ལེགས་ལགས་དང་།
དྲུང་ཆེ་ཐུབ་བསྟན་གྲགས་པ་ལགས་རྣམ་གཉིས་ལ་དཀའ་ངལ་གསལ་བཤད་དང་རེ་འདུན་ཞུ་ངོར། ཁོང་གཉིས་ཀྱིས་གཙོས་འགན་འཛིན་ལྷན་ཚོགས་ནས་ཐུགས་དགོངས་ཆེ་བཞེས་ཀྱིས་འདི་གའི་ཁྱབ་ཁོངས་གྲོང་སྡེ་ཁག་ ༨ ལ་ཚ་བ་དང་སྲོག་འཛིན་རླུང་བརྟག་དཔྱད་བྱེད་ཆས་ (Thermoter and oximeter) རེ་དང་། འབུ་སྨན་ཀི་ལོ་ ༥༠ རེ། དེ་བཞིན་ཉམ་ཐག་ཁ་པའི་ཨང་ཐོབ་ཅན་ ༡༨ ཀྱིས་གཙོས་བཟའ་ཆས་མཁོ་སྒྲུབ་གནང་རྒྱུར་དཀའ་ངལ་ཡོད་པའི་མི་གྲངས་ ༤༠ ལ་རྩམ་པ་ཀི་ལོ་ ༥ དང་འབྲས་ཀི་ལོ་ ༡༠ སོགས་ཁྱོན་དོ་བདག་རེ་ལ་ཧིན་སྒོར་ ༢༥༠༠།༠༠ འབབ་ལས་གྲུབ་པའི་བཟའ་ཆས་མཁོ་སྤྲོད་གནང་ཡོད།
དེར་མ་ཟད་དེ་སྔོན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཐེབས་རྩར་ (Chief Minister Covid 19 Relief Fund) ཧིན་སྒོར་ ༦༥,༠༠༠།༠༠ ཞལ་འདེབས་གནང་ཡོད། དེ་ལྟར་ལུགས་བསམ་མཉམ་འབྲེལ་ནས་ཛ་དྲག་དུས་སྐབས་འདིར་ཁྱོན་ཧིན་སྒོར་འབུམ་གསུམ་ལྷག་གི་འགྲོ་གྲོན་བཏང་སྟེ་བོད་མིའི་སྒྲིག་འཛུགས་དང་། འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་ལ་སྔར་བཞིན་ཕྱར་གྲུ་མཉམ་འདེགས་ཀྱིས་གཞིས་ཆགས་ནང་དུ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་སྔོན་འགོག་ཆེད་དུ་ཛ་དྲག་ངལ་སྐྱོབ་ལས་འགུལ་རྒྱ་ཆེར་སྤེལ་ཡོད་པ་བཅས།།