ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་ཧ་ཅང་གྲགས་ཆེ་བའི་དུས་བབ་ཅེས་པའི་དུས་དེབ་གསར་ཤོག་ Time Magazine ནང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་ལ་བརྟེན་ནས། མིའི་ལུས་སེམས་གཉིས་ལ་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་ཛ་དྲག་གི་དུས་སྐབས་སུ་ནང་ཆོས་ནས་སྡུག་བསྔལ་ལས་གྲོལ་ཐབས་དང་། དེང་དུས་འཛམ་གླིང་གི་དངོས་ཡོད་གནས་སྟངས་གཉིས་ལ་གཞི་བཅོལ་ནས་བསམ་བློ་གཏོང་སྟངས་ཇི་ལྟར་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན།
ངོས་ཀྱི་གྲོགས་པོ་འགའ་ཤས་ཀྱིས། ཏཱ་ལའི་བླ་མས་རྫུ་འཕྲུལ་བསྟན་ནས་འཛམ་གླིང་ནང་གི་དཀའ་ངལ་སེལ་རོགས། ཞེས་སྐབས་རེ་བརྗོད་ཀྱི་འདུག ངོས་ལ་རྫུ་འཕྲུལ་སྟོན་རྒྱུ་གང་ཡང་མེད། ཅེས་ངོས་ཀྱིས་ཁོང་ཚོར་རྟག་ཏུ་བརྗོད་ཀྱི་ཡོད། གལ་སྲིད་ཡོད་ཚེ་དང་ཐོག་ངོས་རང་ཉིད་ཀྱི་པུས་མོའི་ན་ཟུག་དང་། སྐབས་རེ་མིད་པའི་ན་ཟུག་དེ་དག་ཡོང་ཤེས་ཐབས་མེད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་སྟབས་མི་ཚེ་ཟེར་བ་དེར་ངེས་བརྟན་གང་ཡང་མེད་ཅིང་། བསམ་བློའི་ནང་འཇིགས་སྣང་དང་རེ་དོགས་ལུ་གུ་རྒྱུད་ནས་ཡོང་བཞིན་པ་ནི་འགྲོ་བ་མི་ཀུན་ལ་ཐུན་མོང་གི་མྱོང་ཚོར་ཞིག་ཡིན།
ནང་པའི་ལྟ་ཚུལ་ནི། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ནི་འཁོར་བའི་ཆོས་ཉིད་ཡིན་ཞིང་། ང་ཚོ་འགྲོ་བ་མི་ཡིན་སྟབས་བསམ་བློར་ཆགས་སྡང་དང་འཇིགས་སྣང་གི་བློ་སྐྱེ་སྐབས་གཉེན་པོ་ཇི་ལྟར་བསྟེན་དགོས་པ་ཤེས་པ་ཙམ་དུ་མ་ཟད་གདོང་ལེན་བྱ་རྒྱུའི་ནུས་པའང་ཡོད། བར་ལམ་ནས་ངོས་ཀྱིས་ཕྱིའི་གོ་མཚོན་བཀག་སྡོམ་བྱས་པར་ཐོག་མར་ནང་གི་གོ་མཚོན་སྤང་དགོས་པ་རེད། ཅེས་ནན་གྱིས་བརྗོད་ཀྱི་ཡོད། ངོས་ཀྱིས་གནས་སྟངས་ཇི་འདྲ་ཞིག་ཡིན་རུང་དེར་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་དེ་དང་མཐུན་པ་བྱས་ནས་བལྟ་བ་མ་གཏོགས་སེམས་ནང་ད་གང་འདྲ་བྱེད་ཡོང་བསམས་པ་དང་། དངངས་སྐྲག་བྱེད་ཀྱི་མེད། དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཞིག་འདུག་ན་དེར་འབད་བརྩོན་བྱེད་དགོས། ཐབས་ལམ་གང་ཡང་མེད་ཚེ་དཀའ་ངལ་དེར་བསམ་བློ་ཡང་ཡང་བཏང་ནའང་ཕན་རྒྱུ་གང་ཡང་མེད། དུས་ཚོད་འཕྲོ་བརླག་རེད།
ང་ཚོ་ནང་པ་སངས་རྒྱས་པས་རྟེན་འབྲེལ་གྱི་རྣམ་གཞག་འདོད་པ་རེད། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བར་བཞེས། རྒྱུ་མཚན་དེ་ལ་བརྟེན་ནས་ངོས་ཀྱིས་གོ་ལ་ཀུན་ཁྱབ་ཀྱི་འགན་ཁུར། ཞེས་ཡང་ཡང་བཤད་ཀྱི་ཡོད། ད་ཐེངས་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཁྱོན་དུ་ཁྱབ་གདལ་ཕྱིན་པ་དེས་ང་ཚོར་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པ་དྲན་སྐུལ་བཏང་བ་མ་ཟད། དཀའ་ངལ་ལས་གྲོལ་བར་སྨན་ཁང་གི་ལས་བྱེད་ཚོས་འབད་བརྩོན་གང་ཡོང་གནང་བ་ཙམ་མ་ཟད། ང་ཚོའི་ངོས་ནས་ཀྱང་མི་གཞན་དང་བར་ཐག་རིང་ཙམ་བསྡད་དགོས་པའི་བཀའ་གནང་བ་དེར་བརྩི་བཀུར་དང་ལེན་ཞུ་དགོས། དེ་ལྟར་ང་ཚོ་ཚང་མས་གཞན་ཕན་བྱམས་བརྩེའི་ཀུན་ནས་བསླངས་ཏེ་ལག་བསྟར་ཚུལ་བཞིན་བྱ་རྒྱུ་དེའང་མཉམ་ཁུར་གྱི་འགན་ཡིན། བྱམས་བརྩེའི་ཀུན་ནས་བསླངས་ཏེ་སྔོན་འགོག་གི་ལས་ལ་མཉམ་ཁུར་གནང་ཚེ་མི་མང་པོར་ཕན་ཐོགས་རླབས་ཆེན་ཡོང་ངེས།
ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་ཐོས་མ་ཐག་ངོས་ཀྱིས་རྒྱ་ནག་སྐམ་ས་ཙམ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རྒྱ་རིགས་སྤུན་མཆེད་ཕོ་མོ་ཚོར་སྨོན་ལམ་བརྒྱབ་པ་དང་རྒྱག་བཞིན་ཡོད། ང་ཚོ་མི་སུ་འདྲ་ཞིག་ལའང་ནད་ཡམས་དེ་འགོས་སྲིད་པ་ཞིག་རེད། གཉན་འཕྲང་གི་དུས་སྐབས་འདིར་ང་ཚོས་རང་གི་ཕ་མ་སྤུན་མཆེད་དང་། གཉེན་ཚན་ནང་མི་བུ་ཕྲུག་དང་བཅས་པར་སེམས་འཕྲལ་བྱེད་མུས་ཙམ་མ་ཟད། མ་འོངས་པའི་གནས་སྟངས་ཇི་བྱུང་དང་། ལྷག་པར་གོ་ལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་དང་མི་སྒེར་གྱི་འཚོ་རྟེན་ལའང་སེམས་འཕྲལ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། འོན་ཀྱང་སྨོན་ལམ་བརྒྱབ་པ་ཙམ་གྱིས་དཀའ་ངལ་དེ་ལས་གྲོལ་ཐབས་མེད། ནད་ཡམས་དེ་ལས་གྲོལ་བར་ང་ཚོ་ཚང་མས་གང་ཐུབ་མཉམ་རུབ་བྱས་ན་ཕན་ཐོགས་ཡོད་པ་ཧ་ཅང་གསལ་པོ་རེད།
སྨན་པ་དང་སྨན་ཞབས་པ་ཚོས་ཚན་རིག་གཞི་ལ་བཞག་སྟེ་དཔའ་མཛངས་སྙིང་སྟོབས་ཆེན་པོས་ནད་ཡམས་ལས་ཐར་ཐབས་གནང་བཞིན་ཡོད། ང་ཚོས་དེ་ལས་བློ་སྐྱེ་བསླངས་ནས་སླད་ཕྱིན་ནད་ཡམས་ཀྱི་ཉེན་ཁ་དེ་དག་མི་ཡོང་བར་འབྱུང་འགྱུར་གྱི་གནས་སྟངས་ཁ་ཕྱོགས་བཟང་པོ་ཞིག་ལ་འཁྲིད་ཐབས་བྱེད་དགོས། དེ་ལྟར་ཡོང་བར་ང་ཚོ་ཚང་མས་མཉམ་རུམ་ཀྱིས་ཕུགས་རྒྱང་རིང་པོར་གོ་ལ་སྤྱིའི་བདེ་དོན་བསྒྲུབ་ཐབས་དང་། དཀའ་ངལ་ལ་གདོང་ལེན་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་པ་ཐེངས་འདིར་ཏོག་དབྱིབས་གཉན་རིམས་འདིས་ཉེན་བརྡ་བཏང་བ་གསལ་པོ་ཆགས་ཡོད།
མཁའ་དབྱིངས་ནས་བརྒྱབ་པའི་འཛམ་བུ་གླིང་གི་དཔར་ལ་བལྟ་སྐབས་རྒྱལ་མཚམས་མེད་པའི་གོ་ལ་སྔོ་ཟླུམ་གཅིག་ཁོ་ན་མཐོང་ཐུབ། དེར་བརྟེན་ང་ཚོ་ཚང་མས་གོ་ལ་གཅིག་གྱུར་གྱི་འདུ་ཤེས་བཅངས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་གཙོས་དཀའ་ངལ་སོགས་ལ་མཉམ་རུབ་ཀྱིས་གདོང་ལེན་བྱེད་དགོས།
གཉན་འཕྲང་གི་དུས་སྐབས་འདིར་སྡོད་ཁང་དང་ནང་མི་སྤུན་མཆེད་མེད་མཁན་ཉམ་ཐག་ཚོར་རོགས་རམ་གང་ཐུབ་བྱེད་དགོས། ང་ཚོ་ས་གནས་འདྲ་མིན་གང་འདྲ་ཞིག་ཏུ་གནས་ཡོད་ཀྱང་ཕན་ཚུན་བརྟེན་ནས་འཚོ་དགོས་པ་ནད་ཡམས་འདིས་དྲན་སྐུལ་བཏང་ཡོད། དེར་བརྟེན་ང་ཚོ་ཚང་མས་བྱམས་བརྩེའི་འདུ་ཤེས་ཐོག་ནས་གཞན་ཕན་གང་ཐུབ་བྱ་རྒྱུར་བཟང་སྤྱོད་ཀྱི་འགན་ཞིག་ཡོད།
ངོས་རང་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ངོས་ནས་མི་རྟག་པའི་རྣམ་གཞག་ཁས་ལེན་བྱེད་ཀྱི་ཡོད། མཐར་ནད་ཡམས་འདི་ཡང་ཞི་འགྲོ་རེད། ངོས་ཀྱི་མི་ཚེའི་ནང་དམག་འཁྲུག་གིས་གཙོས་སྐྱི་གཡའ་དགོས་པའི་གནས་སྟངས་མང་པོ་ཞིག་མཐོང་མྱོང་། དེ་དག་ཐམས་ཅད་མཐར་ཞི་ནས་སླར་འགྱེལ་ས་ནས་ལངས་ཐུབ་པ་བྱུང་ཡོད།
ད་ལྟ་གཉན་འཕྲང་གི་དུས་སྐབས་འདིར་མི་ཀུན་གྱིས་སེམས་རྣལ་དུ་ཕབ་ནས་ཡིད་ཟབ་དགོས་པ་ཤིན་ཏུ་གལ་ཆེ་ཞིང་། རེ་བ་མ་བརླག་པར་མཉམ་རུབ་ཀྱིས་འབད་བརྩོན་ལ་བརྟེན་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུར་གདེང་སྤོབས་དགོས།།
ཕྱི་དྲིལ་བོད་ཡིག་ཚན་པས་ཨིན་ཡིག་ནས་བོད་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།