ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་རྒྱ་ནག་བསྐོ་གཞག་གནང་བ་དེར་བོད་མིའི་སྒྲིག་འཛུགས་ཀྱི་སེམས་འཚབ་ཤུགས་ཆེ་གནང་ཡོད། ཚོགས་ཆུང་དེའི་ཁོངས་སུ་རྒྱལ་ཁབ་ལྔ་ཡོད་ཅིང་། རྒྱ་ནག་གིས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་མཚོན་པ་དང་། ཚོགས་མིའི་ལས་ཡུན་ནི་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡ ནས་ ༢༠༢༡ ཟླ་ ༣ ཚེས་ ༣༡ བར་ཡིན་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་བབ་དེ་ལ་བརྟེན་ནས་འབྱུང་འགྱུར་རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉེན་ཚབས་ཧ་ཅང་བཟོས་པ་དང་། དེ་ནི་རྒྱ་ནག་དམར་པོའི་སྲིད་གཞུང་ལ་མཚོན་ན་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་གཙོ་བོ་ཞིག་ཡིན་པ་ཨ་རིས་གཙོས་རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པ་མང་པོས་སྙན་ཐོའི་ནང་གསལ་བ་དེ་ལྟར་རེད། དེར་བརྟེན་ཐེངས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མིའི་གྲས་སུ་རྒྱ་ནག་བསྐོ་གཞག་བྱས་པ་དེས། སྒྲིག་འཛུགས་ཀྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཐོག་དམིགས་བསལ་ཆེད་ལས་ཚན་པ་བསྐོ་གཞག་བྱ་རྒྱུ་དང་། རྒྱལ་སྤྱིའི་ཁྱོན་དུ་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུ། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་རྩད་གཅོད་ཆེད་བཙུགས་པའི་ཆེད་ལས་ཚོགས་ཆུང་གི་ལས་དོན་ལ་གནོན་ཤུགས་སྤྲོད་རྒྱུ། བཙན་དབང་འོག་བཀག་ཉར་བྱེད་པའི་མི་སྣ་རྩད་ཞིབ་ཚོགས་ཆུང་གི་ལས་དོན་སོགས་ཀྱིས་མཚོན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་དངོས་ཤུགས་བརྒྱུད་ནས་གནོན་ཤུགས་སྤྲོད་རྒྱུར་རྒྱ་ནག་དམར་པོའི་སྲིད་གཞུང་ལ་གསེར་འོད་འཕྲོ་བའི་གོ་སྐབས་བཟང་པོ་ཞིག་ཐོབ་པ་རེད།
ལྷག་པར་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་རྩད་ཞིབ་ཆེད་ལས་ཚོགས་ཆུང་ལ་རྒྱ་ནག་གཞུང་གིས་ད་བར་ཤུགས་རྐྱེན་ཧ་ཅང་སྤྲད་དང་སྤྲོད་མུས་ཡིན་པ་ནི་དཔེར་ན། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་རྒྱལ་ཚོགས་ཀྱི་ཚོགས་བསྡུའི་སྐབས་གླེང་སློང་བྱེད་སྐབས་རྒྱ་ནག་གཞུང་གི་འགོག་རྐྱེན་བཟོས་པའམ་ཡང་ན་གནད་དོན་རྩ་བ་ནས་གླེང་སློང་མ་བཅུག་པ་སོགས་བྱས་དང་བྱེད་མུས་རེད། འདི་ལོ་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་རྣམས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་འཁྲིད་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་བཞིན་ཡོད།
དེ་ཡང་དྲིལ་བསྒྲགས་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས་ཀྱིས་གསུང་དོན། ཐེངས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་རྒྱ་ནག་བསྐོ་གཞག་གནང་བ་དེ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་རྒྱ་ནག་དམར་པོའི་སྲིད་གཞུང་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་ཤོས་བྱེད་མཁན་དང་། བསམ་ཚུལ་བརྗེ་ལེན་དང་སྨྲ་བརྗོད་རང་དབང་བརྡལ་བཤིག་གཏོང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་ཡོངས་གྲགས་རེད། དེ་ལྟར་ཡིན་བཞིན་དུ་ཐེངས་འདིར་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ལམ་སྟོན་ཚོགས་ཆུང་གི་ཚོགས་མིའི་ཁོོངས་སུ་བསྐོ་གཞག་བྱས་ཡོད། བྱེད་བབ་དེས་རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་བརྡ་ལན་ལོག་པ་ཞིག་བཏང་བ་རེད། ལྷག་པར་རྒྱལ་སྤྱིའི་ཁྱོན་དུ་བཟང་ངན་ཤན་འབྱེད་ཆ་མ་འཚལ་བའི་གནས་སྟངས་ཆགས་རྒྱུ་མ་ཟད། རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འགྲེལ་བརྗོད་བྱེད་སྟངས་ལའང་འགྲེལ་བརྗོད་ལོག་པ་དང་། ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུ་ཡིན་པ་གོར་མ་ཆག དེར་བརྟེན་རྒྱ་ནག་དམར་པོའི་དབང་སྒྱུར་འོག་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་བོད་མི་དང་རྒྱ་མི་རིགས། ཤར་ཏུར་ཀི་སི་ཐན། སོག་རིགས། ཧོང་ཀོང་མི་མང་བཅས་ཀྱི་བསམ་བློར་དངངས་འཚབ་ཤུགས་ཆེ་ཡོང་རྒྱུ་ཡིན་པ་ཆོས་ཉིད་རེད། དཀའ་སྡུག་མྱོང་བཞིན་པའི་མི་རིགས་དེ་དག་གིས་རེ་ལྟོས་བཅོལ་ཡུལ་རྒྱལ་སྤྱིའི་སྒྲིག་འཛུགས་ནང་ཉེས་ཅན་པ་རང་ཉིད་སྒྲིག་འཛུགས་སྲུང་མིར་བསྐོས་པ་དེ་ནི་སྤྱང་ཀི་ལུག་རྫིར་བསྐོས་པའི་དཔེ་དང་གཉིས་སུ་མེད།
རྒྱ་ནག་གཞུང་ལ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་གཙོ་བོ་ཡིན་པ་རྒྱལ་སྤྱིའི་ཁྱོན་དུ་ཡོངས་གྲགས་རེད། བོད་ནང་ལ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པ་ཁག་གིས་ལོ་ལྔ་བསྟུད་མར་སྙན་ཐོ་བཏོན་པའི་ནང་དུ་འཛམ་གླིང་ནང་དམ་བསྒྲགས་ཤུགས་ཆེ་ཤོས་ཡོད་པའི་ས་ཁུལ་དུ་ངོས་འཛིན་བྱས་ཡོད། དྲ་རྒྱའི་རང་དབང་ཐོག་ལ་མཚོན་ནའང་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་བྱེད་མཁན་རྒྱ་ནག་དམར་པོའི་སྲིད་གཞུང་དེ་ཉིད་ཆགས་ཡོད། དེར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེངས་འདིར་རྒྱ་ནག་བསྐོ་གཞག་གནང་བ་དེར་སླར་ཡང་དགོངས་བཞེས་ཀྱིས་ཐག་གཅོད་དེར་བསྐྱར་ཞིབ་ངེས་པར་དུ་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་ཡང་ལམ་སྟོན་ཚོགས་ཆུང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་གཞན་རྣམས་ནི་གླིང་ཆེན་ཨ་ཕི་རི་ཀའི་ནང་ཡོད་པ་ཆཌ་ Chad དང་ཤར་ཡུ་རོབ་རྒྱལ་ཁབ་སི་ལོ་ཝི་ནི་ཡ་ Slovenia ནུབ་ཡུ་རོབ་རྒྱལ་ཁབ་སི་པེན་ Spain དེ་བཞིན་ལྷོ་ཨ་མི་རི་ཀའི་གླིང་ཆེན་ནས་རྒྱལ་ཁབ་གཅིག་བསྐོ་གཞག་གནང་ལུས་བཅས་ཡིན་འདུག །