ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །རྒྱ་གར་དབུས་གཞུང་དང་ལྷག་པར་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་གཙོས་མི་མང་བཅས་ནས་རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ལས་གཞི་རབ་དང་རིམ་པ་སྤེལ་བཞིན་པར། ཧི་མཱ་ཅལ་མངའ་སྡེའི་སིར་མོར་ Sirmaur རྫོང་ནང་རྟེན་གཞི་བྱས་པའི་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་། ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས། ས་ཊོན་ཁམས་ཀཿཐོག་བོད་མིའི་གཞིས་ཆགས། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་བཅས་ཀྱིས་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇེ་ཡཱི་རཱམ་ཐཱ་ཀུར་ Sri Jai Ram Thakur མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ཐེབས་རྩར་གདུང་སེམས་མཉམ་སྐྱེའི་ཧིན་སྒོར་འབུམ་གཅིག་ཞལ་འདེབས་ཕུལ་འདུག
དེ་ཡང་གོང་འཁོད་བོད་མིའི་གཞིས་ཆགས་ཁག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇེ་ཡཱི་རཱམ་ཐཱ་ཀུར་མཆོག་གི་མཚན་ཐོག་ཏུ་གདུང་སེམས་མཉམ་སྐྱེའི་ཞུ་འཕྲིན་ཞིག་ཕུལ་ཏེ་རྒྱ་གར་དབུས་གཞུང་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་གཙོས་མི་མང་བཅས་ནས་རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་གཞི་རབ་དང་རིམ་པ་སྤེལ་བཞིན་པར་བོད་མི་ཚོས་གདུང་སེམས་མཉམ་སྐྱེ་དང་ཧིན་སྒོར་འབུམ་གཅིག་སྤྱི་ཁྱབ་བློན་ཆེན་མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ཐེབས་རྩར་འབུལ་རྒྱུ་ཡིན་པས་སྤྱི་ཁྱབ་བློན་ཆེན་མཆོག་གིས་ངེས་བཞེས་ཡོང་བ་དང་། ང་ཚོ་ཏོག་དབྱིབས་གཉན་རིམས་ཀྱི་གཡུལ་ལས་རྒྱལ་ཐུབ་པའི་སྨོན་ལམ་དང་བཅས། ཞེས་གསུངས།།