ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༧ རེས་གཟའ་ཟླ་བའི་ཉིན་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་སྣེ་ཁྲིད་འོག དེང་སྐབས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ས་གནས་གང་སར་ཁྱབ་གདལ་འགྲོ་བཞིན་པ་དེ་དག་ལས་ཉེན་སྲུང་ཆེད་ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་འགན་ཁུར་རྐང་བཞེས་ཐོག ས་ཚིགས་གང་སར་ཉེན་རྟོག་མི་སྣ་འགྲེམས་འཇོགས་བྱས་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་མི་མང་གི་འགྲོ་འདུག་ལ་དམ་བསྒྲགས་བྱས་པ་སོགས་ནད་ཡམས་སྔོན་འགོག་གི་ལས་དོན་ཚགས་ཚུད་སྤེལ་བཞིན་ཡོད་སྟབས། ཉེན་རྟོག་པ་དེ་དག་གི་བློས་གཏོང་དང་དཀའ་བཅད་སྙིང་རུས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཞུ་སླད་འབྲས་དང་གྲོ་ཞིབ་སོགས་བཟའ་འབྲུ་བགོ་འགྲེམས་གནང་འདུག
སྐབས་དེར་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་ Sanjay Sharma,SHO ལགས་དང་གྲོང་སྡེ་ལྷན་ཚོགས་ཀྱི་འགན་འཛིན་ནེ་གྷི་ Shri S S Negi ལགས་བཅས་ངོ་བཅར་གྱིས་ཉེན་རྟོག་པའི་ཉིན་མཚན་དུས་དྲུག་ཏུ་ཏོག་དབྱིབས་གཉན་རིམ་སྔོན་འགོག་ཆེད་ཕྱག་ལས་གནང་བར་ས་གནས་བོད་མི་བཙན་བྱོལ་བ་ཡོངས་ཀྱི་ཚབ་ཞུས་ནས་ས་འགོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་གདུང་སེམས་མཉམ་སྐྱེ་མཚོན་སླད་མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཀྱི་དཔེ་ལྟར་བཟའ་འབྲུ་མི་ཉུང་བ་ཞིག་ཞལ་འདེབས་སུ་འབུལ་རྒྱུ་ཡིན་སྐོར་ཞུས་པར་ཁོང་རྣམ་པས་ཀྱང་བོད་མིའི་རྒྱབ་སྐྱོར་གྱི་རྣམ་པར་ཐུགས་རྗེ་ཆེ་གསུང་ཡོད་པ་བཅས། །