ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །བྷེང་ལོར་དུ་རྟེན་གཞི་བྱས་པའི་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་དབུ་ཁྲིད་འོག རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་ཆགས་པའི་སེ་ར་བླ་སྤྱི་དང་། སེ་ར་བྱེས་སྨད་གཉིས། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དགོན་པ། རྫོང་དཀར་ཆོས་སྡེ། རྒྱུད་སྨད་གྲྭ་ཚང་། ཀོ་ལེ་གྷལ་ས་གནས་འགོ་འཛིན་དང་རང་བཙན་ཚོགས་ཆུང་གི་ཚོགས་གཙོ་བཅས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཡེ་དེ་ཡུ་རཔ་པ་ B.S. Yediyurappa མཆོག་མཇལ་ནས་དབུ་སའི་གཞུང་ལ་ཏོག་དབྱིབས་གཉན་རིམས་ངལ་སེལ་ལས་གཞིར་ཞལ་འདེབས་ཧིན་སྒོར་འབུམ་ ༧༠ ཕུལ་འདུག
ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གཞིས་ཆགས་ཁག་ལྔ་དང་དགོན་པ་གྲྭ་ཚང་ཁག དེ་བཞིན་བྷེང་ལོར་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་བཅས་ནས་རྒྱ་གར་དབུས་དང་ས་གནས་གཞུང་ལ་ཏོག་དབྱིབས་གཉན་རིམས་ངལ་སེལ་ལས་གཞིར་ཁྱོན་ཞལ་འདེབས་ཧིན་སྒོར་ ༢༠༣༦༥༢༢༨།༠༠ ཕུལ་བ་མ་ཟད། རྒྱ་གར་ཡུལ་མི་ཉམ་ཐག་དང་། ཉིན་གླའི་ལས་བྱེད་ཚོར་འབྲས་དང་གྲོ་ཞིབ། བཟའ་སྣུམ། བྱེ་མ་ཀ་ར། ད་ལི་སོགས་དགོས་མཁོ་ངེས་ཅན་རིགས་འགྲེམས་སྤེལ་བྱས་དང་བྱེད་མུས་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ཡུལ་མི་ཚོས་བསྔགས་བརྗོད་རྒྱ་ཆེ་གནང་འདུག དེ་ཡང་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་གསུང་དོན། ཐེངས་འདིར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་རྒྱ་གར་རྒྱལ་ཡོངས་སུ་ཐེམ་སྤང་བཀའ་རྒྱ་བཏང་བར་བརྟེན་ཡུལ་མི་ཉམ་ཐག་སྤྱི་དང་ལྷག་པར་ཉིན་གླར་རྟེན་ནས་འཚོ་སྡོད་བྱེད་བཞིན་པའི་རྒྱ་གར་བ་མང་པོ་ཞིག་ལ་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད།
རྒྱ་གར་དབུས་སའི་གཞུང་གཉིས་ལ་དཀའ་ངལ་འཕྲད་སྐབས་རོགས་རམ་གང་ཐུབ་ཞུ་རྒྱུ་དེ་ང་ཚོ་བོད་མི་བཙན་བྱོལ་བ་ཚོའི་སྐབས་བབ་ལས་འགན་ཡིན་སྟབས་ཐེངས་འདིར་ཛ་དྲག་ངལ་སེལ་ལས་གཞིར་རང་ནུས་གང་ཡོད་ཐོག་ཞལ་འདེབས་ཀྱིས་མཚོན་རོགས་རམ་ཞུ་ཐབས་བྱེད་བཞིན་ཡོད། ཅེས་གསུངས།
ལྷོ་སྤྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཞུ་དོན། ཏོག་དབྱིབས་གཉན་རིམ་ཁྱབ་གདལ་ཆེ་བའི་ཛ་དྲག་གི་དུས་སྐབས་སུ་འདིར་འཁོད་བཙན་བྱོལ་བོད་མི་ཚོས་རྒྱ་གར་དབུས་སའི་གཞུང་མང་གི་བཀའ་དྲིན་རྗེས་སུ་དྲན་ནས་ངལ་སེལ་ལས་གཞིར་རྒྱབ་སྐྱོར་གང་ཐུབ་ཞུ་ཐབས་བྱེད་མུས་ཡིན། ལྷག་པར་སྨན་པ་དང་སྨན་ཞབས་པ། ཉེན་རྟོག་མི་སྣ་སོགས་ནད་རིམས་སྔོན་འགོག་ལས་གཞིར་བློས་གཏོང་ཆེན་པོས་འབད་བརྩོན་གནང་མཁན་ཚོར་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ང་ཚོས་ནད་ཡམས་འདི་ལས་མགྱོགས་མྱུར་གྲོལ་ནས་སྔར་བཞིན་རྒྱུན་ལྡན་ཞི་བདེ་བག་ཕེབས་ཀྱི་འཚོ་བར་རོལ་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད།
ཞལ་འདེབས་རིའུ་མིག
SL No. | Name of the Organization | District | PM Care | CM Relief Fund | Donation in Kind & Dry Ration | Medical Equipments to Local Hospital (Dept of Health, CTA) | Total |
1 | Dhondhenling Tibetan Settlement (Kollegal) | Chamrajnagar | – | 100,000.00 | 200,000.00 | 100,000.00 | 400,000.00 |
2 | Lugsam Tibetan Settlement (Old Camp Bylakuppe) | Mysore | 2,769,620.00 | 3,536,029.00 | 2,865,000.00 | – | 9,170,649.00 |
3 | Dickyi Larsoe Tibetan Settlement (New Camp Bylakuppe) | Mysore | 150,000.00 | 100,000.00 | 550,000.00 | – | 800,000.00 |
4 | Rabgyaling Tibetan Settlement (Hunsur) | Mysore | 780,000.00 | 620,000.00 | 1,448,480.00 | 290,250.00 | 3,138,730.00 |
5 | Doeguling Tibetan Settlement (Mundgod) | Karwar | 1,750,000.00 | 2,195,234.00 | 2,271,900.00 | 573,000.00 | 6,790,134.00 |
6 | Tibetans in Bangalore Community | Bangalore | – | 65,715.00 | – | – | 65,715.00 |
TOTAL | 5,449,620.00 | 6,616,978.00 | 7,335,380.00 | 963,250.00 | 20,365,228.00 |
ཕྱོགས་མཚུངས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒྱུ་གླིང་དུ་རྟེན་གཞི་བྱས་པའི་རྭ་སྟོད་གྲྭ་ཚང་གིས་ས་གནས་རྒྱ་གར་ཡུལ་མི་ཉམ་ཐག་མི་གྲངས་ ༢༠༥ དང་ཉིན་གླའི་ལས་བྱེད་ཚོར་བཟའ་ཆས་རིགས་བགོ་འགྲེམ་གནང་བ་མ་ཟད། གྲྭ་ཚང་གི་ལས་བྱེད་ ༡༤ ལ་ཟླ་བ་གཅིག་གི་གླ་ཕོགས་དང་། གཞན་ཡང་ཉིན་གླའི་ལས་བྱེད་བདུན་ལ་སྒོར་ ༣༠༠༠ རེ་གནང་འདུག