ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། མངའ་གསལ་བཞིན། མཧཱ་རཇཱ་ཊར་མངའ་ཁུལ་དུ་ཡོད་པའི་ལྡུལེ་ཞེས་པའི་ས་གནས་སུ་དགུན་དུས་རིང་བལ་གོས་ཚོང་གཉེར་བྱ་བཞིན་པའི་རང་རེའི་བོད་མི་དུད་ཚང་ ༡༢ རྣམས་ཀྱི་ཚོང་ཟོག་འཇོག་སར་དོས་ཁང་དུ་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༡ མཚན་མོ་གློ་བུར་མེ་སྐྱོན་ཤུགས་ཆེ་རྐྱེན་པས་ཚོང་ཟོག་ཆ་ཚང་མེ་སྐྱོན་གྱིས་གྱོང་གུན་ཚབས་ཆེ་བྱུང་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཛ་དྲག་ངལ་སེལ་གུན་སྐྱོབས་སྒོར་ ༥,༠༠,༠༠༠ དང་། དཔལ་འབྱོར་ལས་ཁུངས་ནས་གོང་གསལ་དུད་ཚང་རེར་སྒོར་ ༢,༠༠,༠༠༠ རེ་ཟླ་དྲུག་སྐྱེད་མེད་བུན་གཡར། གོང་གསལ་ཁྱིམ་ཚང་ཁག་གི་ཕྲུ་གུར་སློབ་དོད་ཕ་མ་ངོས་ནས་འབུལ་མུས་ཡིན་ཚེ་ལོ་གཅིག་རིང་སློབ་ཡོན་ཆག་ཡང་གཏོང་རྒྱུ་འབྲེལ་ཡོད་སློབ་གྲྭ་སོ་སོར་བརྡ་ཁྱབ་དང་། དེ་བཞིན་མཐོ་སློབ་ཏུ་འགྲོ་མུས་ཡིན་ཚེ་ལོ་གཅིག་རིང་ཤེས་རིག་ལས་ཁུངས་ནས་སློབ་ཡོན་མཐུན་རྐྱེན་སྦྱར་རྒྱུ། དེ་བཞིན་འདི་ནས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༦ ཉིན་རོགས་ཚོགས་ཁག་དང་། མི་སྒེར། ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ཁྱབ་ཁོངས་མང་ཚོགས་ནས་ཞལ་འདེབས་གནང་སྐྱོང་ཡོང་བའི་འབོད་བསྐུལ་གསལ་བསྒྲགས་སོང་དོན་བཞིན། འདི་ལས་སུ་ཞལ་འདེབས་གནང་སོན་བྱུང་བ་སྒོར་ ༦,༡༨༧,༨༦༥༌༩༡ ནས་སྒྲིག་གསལ་འཛིན་སྐྱོང་བརྒྱ་ཆ་གཅོག་འཐེན་གྱིས་འཕྲོས་སྒོར་ ༥,༩༤༠,༣༥༡ དང་། གཞན་ཡང་ལྡུལེ་ཚོང་པའི་ཚོགས་པ་རང་ནས་བོད་མིའི་གནས་སྡོད་ས་གནས་ཁག་ཏུ་ཞལ་འདེབས་བསྡུ་སློང་ཆོག་པའི་རྒྱབ་གཉེར་གནང་སྐྱོང་ཡོང་བ་ཞུས་དོན་ལྟར་འདི་ནས་དེ་མཚུངས་རྒྱབ་གཉེར་གནང་འབྲས་སུ། ཚོགས་པ་རང་ལ་ཐད་ཀར་ཞལ་འདེབས་བྱུང་བ་སྒོར་ ༥,༥༨༤,༩༣༦ བཅས་ཁྱོན་ཞལ་འདེབས་གནང་སོན་བྱུང་བ་སྒོར་ ༡༡,༥༢༥,༢༨༧ ཐོག་འདི་ག་ལས་ཁུངས་ནས་ཛ་དྲག་ངལ་སེལ་སྒོར་ ༥༠༠,༠༠༠ བཅས་ཁྱོན་སྒོར་ ༡༢,༠༢༥,༢༨༧ བྱུང་བ་དེ་དག་དུད་ཚང་ ༡༢ ལ་གཅིག་མཚུངས་ཆ་བགོས་ཀྱིས་དུད་ཚང་རེེར་སྒོར་ ༡,༠༠༢,༡༠༧ ཐོབ་སོན་བཞིན་དངུལ་འབོར་ཆ་ཚང་སྤུར་ཝ་ལ་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་གོད་ཆག་ཕོག་པའི་དུད་ཚང་ ༡༢ ལ་ཤ་ཁུ་ཤ་འཐིམ་དང་། གནད་སྨིན་བགོས་སྤྲོད་ཞུས་ཡོད། གོང་གསལ་གོད་ཆག་ཕོག་པའི་རང་རིགས་བོད་མི་དུད་ཚང་ ༡༢ རྣམས་ཀྱི་འཚོ་བའི་གཞི་རྟེན་སླར་གསོ་ཡོང་ཐབས་སུ་ཚང་མས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར་རོགས་གང་ཆེ་གནང་བར། གོ་སྐབས་འདི་བརྒྱུད་ཞལ་འདེབས་གནང་མཁན་རོགས་ཚོགས་ཁག་དང་། གཏོང་ཕོད་ཅན། མང་ཚོགས། སྤྱི་སྒེར་ཡོངས་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཐུགས་རྗེ་བཀྲིན་ཆེ་ཆེ་ཞུ་རྒྱུའི་གནས་བསྡུས་སུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༠༤ ཚེས་ ༠༢ ལ།།