ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །འདི་གར་ལྡི་ལི་ཤེས་རིག་དཔར་ཁང་དགེ་རྩེ་ཚོགས་པ་ནས་བཏང་གནས་ནང་འཁོད་དོན། དེང་སྐབས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཛམ་གླིང་ས་ཕྱོགས་ཡོངས་ལ་དཀའ་ངལ་མང་དག་ཅིག་ཕྲད་དང་འཕྲད་མུས་ཡིན་པ་མ་ཟད། རྒྱ་གར་ནང་དུའང་ནད་ཡམས་དེའི་རྐྱེན་གྱིས་མི་མང་ལ་དཀའ་ངལ་འཕྲད་བཞིན་པར་བརྟེན། དབུས་ལྡི་ལི་ཤེས་རིག་དཔར་ཁང་དགེ་རྩ་ཚོགས་པ་དང་ལས་བྱེད་ཡོངས་ནས་རྒྱ་གར་དབུས་དང་ལྡི་ལི་མངའ་སྡེ་གཞུང་གཉིས་ཀྱིས་གཙོས་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཟླ་བ་གཅིག་གི་གླ་ཕོགས་ནས་བརྒྱ་ཆ་བཅུ་འཐེན་ཏེ་བསྡོམས་ཧིན་སྒོར་ལྔ་འབུམ་ཉིས་ཁྲི་བཞི་སྟོང་དྲུག་བརྒྱ་བཅུ་མེད་བཞི་ཐམ་པ་ཞལ་འདེབས་ཕུལ་ཡོད།
དེ་ཡང་ཤེས་རིག་དཔར་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༤ ཉིན་ཏོག་དབྱིབས་གཉན་རིམས་ངལ་སེལ་ཆེད་རྒྱ་གར་སྲིད་བློན་མོ་རྡི་མཆོག་གི་མཚན་ཐོག་ཏུ་ཉིས་འབུམ་ལྔ་ཁྲི་བརྒྱད་སྟོང་ཉིས་བརྒྱ་བཅུ་མེད་གཅིག་དང་། ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་ཏུ་ཆིག་འབུམ་ལྔ་ཁྲི་བརྒྱད་སྟོང་ཉིས་བརྒྱ་བཅུ་མེད་གཅིག་དངུལ་ཁང་བརྒྱུད་ཞལ་འདེབས་ཕུལ་ཡོད། དེ་བཞིན་ཤེས་རིག་དཔར་ཁང་གིས་ལྡི་ལི་བོད་སྒར་བསམ་ཡས་གླིང་བདེ་དོན་ལས་ཁུངས་མཚན་ཐོག་ཏུ་ཆིག་འབུམ་ཁྲི་མེད་བརྒྱད་སྟོང་ཉིས་བརྒྱ་བཅུ་མེད་གཉིས་བཅས་ཞལ་འདེབས་ཕུལ་ཡོད།།