ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །འདི་གར་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ལྦུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་རྒྱ་གར་རྒྱལ་ཡོངས་སུ་ཐེམ་སྤང་བཀའ་རྒྱ་གསལ་བསྒྲགས་གནང་བ་ནས་བཟུང་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གཙོས་ཚོགས་པ་ཁག་དང་། ཁ་ཐོར་ས་གནས་ཀྱི་འགན་པོ་རྣམས་ནས་ས་གནས་ཀྱི་སྐྱབས་ཡུལ་གཉིས་ཀྱི་ཉམ་ཐག་གྲོང་པ་གྲངས་ ༣༣ ཙམ་ལ་བཟའ་བཅའ་རིགས་དང༌། འགོག་སྲུང་ཆེད་ཁ་རས་བགོ་འགྲེམས་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་རྡོར་གླིང་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་དང་ས་གནས་རང་བདེན་ཚོགས་གཙོ་འཇམས་དབྱངས་ལགས་གཉིས་ནས་ས་གནས་རྫོང་དཔོན་ལས་ཁུངས་སུ་བཅར་ཏེ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གནང་ཕྱོགས་དང་། ནད་ཡམས་དེའི་རྐྱེན་པས་ནད་མནར་འོག་ཡོད་པའི་ནད་པ་བཅས་ཀྱི་ཛ་དྲག་ངལ་སེལ་ཆེད་འདི་གའི་ཁྱབ་ཁོངས་བོད་རིགས་དགོན་སྡེ་ཁག་དང༌། ཚོགས་པ། མི་མང་བཅས་ནས་བློས་བཅད་ཞལ་འདེབས་བསྡུ་རུབ་གནང་བ་ཧིན་སྒོར་ ༡༥༤༠༠༠་༠༠ ཐམ་པ་ནུབ་སྦེང་གྷལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཚན་ཐོག་ཕུལ་ཡོད།