༢༠༢༠ ཟླ་ ༤ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །འདི་གར་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དེ་རིང་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་གཞིས་ཆགས་སུ་རྟེན་གཞི་བྱེད་པའི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་ནས་གཞིས་ཆགས་ལས་ཁུངས་དང་ས་གནས་སྐོར་སྲུང་གི་བཀོད་བྱུས་འོག་ཁྱིམ་མཚེས་ཡུལ་མི་ཉམ་ཐག་ ༡༥༠ ལ་ཧིན་སྒོར་ ༡༣༠༠།༠༠ ཅན་གྱི་བཟའ་ཆས་སྦྱིན་གཏོང་གནང་ཡོད། ཉམ་ཐག་དེ་རྣམས་ནི་གཞིས་ཆགས་ཉེ་འདབས་རྒྱ་གར་གྲོང་གསེབ་ཁག་ལྔ་སྟེ། དྷོ་ཌ་ཧོ་སུར། ཧཱན་དྲི་གུ་ཊ་དང་། ཀོ་པཱ་ཌོང་རི། ར་ཎི་ཀེཌ། ཧྡཏུ་ནཱར་ཀོ་ལོ་ནི་བཅས་ (Dodahosur, Handiguda, Koppa Dongri, Raniget and 16 Colony) སུ་གནས་བཅའ་བའི་གདོད་མའི་ཡུལ་མི་ཡིན་ཅིང་། ཁོང་རྣམས་རྒྱུན་པར་གླ་ལས་སུ་བསྐྱོད་དེ་འཚོ་བ་སྐྱེལ་མཁན་ཡིན་པས་ཛ་དྲག་དུས་ཡུན་འདིར་ལས་རིགས་བཀག་བསྡོམས་གནང་བའི་རྐྱེན་གྱིས་དཀའ་ངལ་ཅིས་ཆེ་འཕྲད་བཞིན་ཡོད་འདུག
བཟའ་འབྲུ་བགོ་འགྲེམས་སྐབས་ས་གནས་གྲོས་ཚོགས་འཐུས་མི་མཆོག་གི་བུ་པྲ་སཱ་ཎཱ་ (Mr. Prasana, Son of local MLA) དང་། ས་གནས་སྐོར་སྲུང་འགན་འཛིན་ (Sub Inspector Ms. Saavi) གྲོང་སྡེ་ཁག་གི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ (Panchayat member) ཆེད་མངགས་མཉམ་ཞུགས་གནང་ཡོད་པ་དང་།
རང་ཕྱོགས་ནས་ལུགས་བསམ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་དང་། སེར་སྨད་ཕྱག་མཛོད་ཁྲི་པ་དགེ་བཤེས་བློ་བཟང་དབྱིགས་གཉེན་ལགས། སེར་བྱེས་ཕྱག་མཛོད་ཁྲི་པ་དགེ་བཤེས་དཔལ་ལྡན་ལགས་ཀྱིས་གཙོས་གཞིས་ལས་ཁང་དང་གྲྭ་ཚང་གཉིས་ཀྱི་ལས་བྱེད་ཁག་ཅིག་བཟའ་ཆས་བགོ་འགྲེམས་སུ་ཕེབས་པ་དང་། གདན་ས་ཆེན་པོ་སེ་ར་བྱེས་སྨད་གྲྭ་ཚང་གཉིས་ནས་ཁྱོན་བསྡོམས་ཧིན་སྒོར་འབུམ་ ༡༨ ཙམ་འགྲོ་གྲོན་གཏང་སྟེ་ཡུལ་མི་དང་ལུགས་བདེ་གཞིས་ཆགས་ཀྱི་ཉམ་ཐག་རྣམས་ལ་བཟའ་ཆས་རོགས་སྦྱིན་གནང་འཆར་ཡོད་འདུག
ལས་འཆར་འདི་ནི་ཕྱི་ཚེས་ ༤ ནས་འགོ་འཛུགས་གནང་བ་ཞིག་ཡིན་ཅིང་། པེ་རྱི་པཱཌ་ཎ་རྫོང་ལས་ཁུངས་ (Periyapatna Taluk Office) ནས་རེ་སྐུུལ་ནམ་བྱུང་དུ་གྲྭ་ཚང་གཉིས་དང་སེ་ར་བླ་སྤྱིའི་ལས་ཁུངས་མཉམ་རུབ་ཐོག་རྫོང་ནང་དུ་ལྷག་ལུས་མངའ་སྡེ་གཞན་གྱི་ལས་མི་ (Migrant Workers) ༧༠ སྐོར་ལ་བཟའ་ཆས་བགོ་འགྲེམས་གནང་ཡོད་ལ། ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱབ་ཆུ་ཚོད་ ༣་༠༠ ཐོག་རྫོང་ལས་ཁུངས་སུ་བསྐོང་འཚོགས་གནང་བའི་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧ་དྷེ་ཝ་ (MLA Shri Mahadeva) མཆོག་དབུ་བཞུགས་ཀྱི་ཚོགས་འདུར་ལུགས་བསམ་ས་གནས་འགོ་འཛིན་དང། ཐེག་མཆོག་རྣམ་གྲོང་གླིང་གི་དྲུང་ཆེ། སེ་ར་ཐེག་ཆེན་གླིང་གི་ཕྱག་མཛོད་རྣམ་པ་བཅས་བཀའ་འགུགས་ཀྱིས། ཚོགས་ཐོག་ཏུ་གྲོས་ཚོགས་འཐུས་མི་དང་འགོ་པ་ (Tehsildar) གཉིས་ནས་ཛ་དྲག་དུས་ཡུན་འདིར་བོད་མིའི་སྒྲིག་འཛུགས་དང་བཅས་པས་རྒྱ་གར་དབུས་སའི་གཞུང་ལ་ཞལ་འདེབས་ཇི་ཕུལ་དང་། ས་གནས་སུ་བཟའ་འབྲུའི་སྦྱིན་གཏོང་ཞུས་ཁག་བཅས་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་གསུངས།
ཆབས་ཅིག་གྲོས་ཚོགས་འཐུས་མི་དང་རྫོང་ལས་ཁུངས་ཟུང་འབྲེལ་ཐོག་ཁྱབ་ཁོངས་གྲོང་གསེབ་ ༢༡༧ ནང་ཡོད་ཉམ་ཐག་ ༤༠༠༠ ཙམ་ལ་བཟའ་འབྲུ་མཁོ་སྤྲོད་གནང་རྒྱུའི་ལས་འཆར་ཐོག་ཟ་སྣུམ་ལི་ཊཱར་ ༤༠༠༠ ཞལ་འདེབས་ཡོང་བ་གསུང་དོན་བཞིན་ཐེག་མཆོག་རྣམ་གྲོལ་གླིང་དང་། སེ་ར་བླ་སྤྱི། སེ་ར་བྱེས་སྨད་གྲྭ་ཚང་བཅས་མཉམ་རུབ་ཐོག་མཁོ་སྒྲུབ་ཀྱིས་ཞལ་འདེབས་གནང་རྒྱུ་གནང་བ་ལྟར་སང་ཉིན་རྫོང་ལས་ཁུངས་སུ་འབུལ་གཏན་འཁེལ་ཡོད།
དེ་བཞིན་སེར་བྱེས་འབྲིང་རིམ་སློབ་གྲྭས་ཀྱང་གཞིས་ལས་ཁང་དང་ས་གནས་སྐོར་སྲུང་ལས་ཁུངས་ཟུང་འབྲེལ་ཐོག་འདི་ཟླའི་ཚེས་ ༨ ཉིན་ཡུལ་མི་ཉམ་ཐག་ ༣༠༠ སྐོར་ལ་བཟའ་ཆས་རོགས་རམ་དང་། ཁ་སང་ཕྱི་ཚེས་ ༡༦ ཉིན་ལུགས་བདེ་གཉིས་ཀྱི་ཉམ་ཐག་དཀའ་ངལ་ཅན་ ༤༢ ཙམ་ལ་མར་ཀི་ལོ་ཕྱེད་ཀ་དང་། འབྲུ་ཞིབ་ཀི་ལོ་ ༡༠ ། རྩམ་པ་ཀི་ལོ་ ༢ བཅས་ཀྱི་བཟའ་ཆས་གནང་ཡོད། ཕྱོགས་མཚུངས་སེར་བྱེས་འཕྲོད་བསྟེན་ཚོགས་ཆུང་ནས་གཞིས་ལས་ཁང་དང་། རྫོང་ལས་ཁུངས། ས་གནས་སྐོར་སྲུང་ལས་ཁུངས་བཅས་ལ་ཁ་རས་དང་ལག་ཁྲུས་སྨན་ཆུ་ཕུལ་བ་གནང་ཡོད།
ཕྱི་ཚེས་ ༡༥ ཉིན་དཔལ་ལྡན་ནང་སྲིད་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་ལུགས་བསམ་ས་གནས་འགོ་འཛིན་དང་། ཐེག་མཆོག་རྣམ་གྲོལ་གླིང་དང་སེ་ར་ཆོས་སྒར་གྱི་སྐུ་ཚབ་རྣམས་ཆེད་མངགས་སྦེང་ལོར་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མཇལ་བཅར་གྱིས་ཁྱབ་ཁོངས་སྒྲིག་འཛུགས་དང་བཅས་པའི་ཞལ་འདེབས་ཁྱོན་ཧིན་སྒོར་ས་ཡ་ལྔ་ལྷག་གི་ (༥,༡༩༠,༦༤༩།༠༠) ཅེག་འཛིན་རྣམས་བློན་ཆེན་མཆོག་གི་ཕྱག་ཏུ་ཕུལ་ཐུབ་པའི་གོ་སྐབས་བྱུང་ཞིང་། ཞལ་འདེབས་དེའི་ནང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ནས་རྒྱ་གར་སྲིད་བློན་མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ཐེབས་རྩ་དང་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཕུལ་བའི་ཧིན་སྒོར་འབུམ་ ༥ དང་། ཐེག་མཆོག་རྣམ་གྲོལ་གླིང་ནས་གོང་གསལ་ཛ་དྲག་ཐེབས་རྩ་ཁག་ལ་ཕུལ་བའི་ཧིན་སྒོར་ས་ཡ་གཉིས།
སེ་ར་བླ་སྤྱིའི་ཧིན་སྒོར་ཉིས་འབུམ་ལྔ་ཁྲི། སེར་སྨད་གྲྭ་ཚང་གི་ཧིན་སྒོར་ འབུམ་ ༨ ། སེར་བྱེས་གྲྭ་ཚང་གི་ཧིན་སྒོར་འབུམ་ ༡༡ ། ས་དགོན་བརྩེ་ཆེན་གླིང་གི་ཧིན་སྒོར་ཁྲི་ ༥ ། ལུགས་བསམ་མཉམ་འབྲེལ་གྱི་ཧིན་སྒོར་ཁྲི་ ༥། སེར་བྱེས་འཕྲོད་བསྟེན་ཚོགས་ཆུང་གི་ཧིན་སྒོར་ཉིས་འབུམ་དྲུག་ཁྲི། སེར་བྱེས་འབྲིང་རིམ་སློབ་གྲྭའི་དགེ་ལས་རྣམ་པའི་ཉིན་གཅིག་གི་གླ་འབབ་ཧིན་སྒོར་ ༡༩,༦༢༠ ཐེ་བས་ཧིན་སྒོར་ ༢༦༩,༦༢༠ ། སེར་སྐྱ་མི་མང་གི་ཞལ་འདེབས་ཧིན་སྒོར་ ༩༡༡,༠༢༩ བཅས་ཚུད་ཡོད། དེར་མ་ཟད་ཀ་རུ་ཎ་ཕན་བདེ་དགའ་ཚལ་དང་། སེར་བྱེས་མངའ་རིས་དང་བྲ་སྟི་ཁང་ཚན་བཅས་ནས་ཀྱང་དངུལ་ཁང་བརྒྱུད་ཞལ་འདེབས་ཕུལ་བ་སོགས་བྱུང་ཡོད་ཅིང་། མདོ་དོན་ལུགས་བསམ་ཁྱབ་ཁོངས་མི་མང་དང་སྒྲིག་འཛུགས་ཁག་ནས་དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་གི་ལམ་སྟོན་བཀོད་བྱུས་གཞིར་བཟུང་། རྒྱ་གར་དབུས་སའི་གཞུང་ལ་ཞལ་འདེབས་ཧིན་སྒོར་ ༦,༤༠༠,༦༤༩།༠༠ ཕུལ་བ་དང་།
ས་གནས་སུ་བཟའ་ཆས་སྦྱིན་གཏོང་ཆེད་ཧིན་སྒོར་ ༢,༨༦༥,༠༠༠།༠༠ བཅས་ཁྱོན་ཧིན་སྒོར་ ༩,༢༦༥,༦༤༩།༠༠ ལྷག་གི་འགྲོ་གྲོན་བཏང་དང་གཏོང་རྒྱུའི་ལས་གཞི་སྤེལ་བ་བརྒྱུད་ཐེངས་འདིར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགྲོ་བཞིན་པ་འགོག་སྲུང་གནང་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་རྒྱ་གར་དབུས་སའི་གཞུང་མང་དང་བཅས་པའི་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེ་ཞུས་དང་ཞུ་རྒྱུའི་ལས་འཆར་སྤེལ་མུས་ཡིན་པའི་གསར་གནས་སུ། ལུགས་བསམ་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༧ ཉིན་སྤེལ།། །།