ཕྱི་ལོ་ ༢༠༢༠ ཟླ ༤ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཐེངས་འདིར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་རྒྱ་གར་རྒྱལ་ཡོངས་སུ་ཐེམ་སྤང་བཀའ་རྒྱ་བསྡམས་པར་བརྟེན་མི་མང་སྤྱི་དང་། ལྷག་པར་མི་མང་ཉམ་ཐག་ཁག་གཅིག་ལ་འཚོ་བའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། རང་རེ་བོད་མི་བཙན་བྱོལ་བ་རྣམས་ནས་རྒྱ་གར་དབུས་སའི་ངལ་སེལ་ལས་གཞིར་རྒྱབ་སྐྱོར་གང་ཐུབ་གནང་ཐབས་འབད་དགོས་པའི་རེ་འདུན་ལྟར། ཧི་མཱ་ཅལ་མངའ་སྡེའི་མཎ་ཌི་རྫོང་ཁོངས་སུ་རྟེན་གཞི་བྱས་པའི་མཚོ་པདྨ་འཛི་སྒར་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་དང་གུ་རུའི་སྒྲུབ་གནས་དབུ་རྩེ་རི་ཁྲོད་བྱང་ཆུབ་ཆོས་གླིང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༨ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ངལ་སེལ་ཐེབས་རྩར་ཞལ་འདེབས་ཧིན་སྒོར་འབུམ་ལྔ་ཕུལ་བ་དང་སྦྲགས། རྒྱ་གར་དབུས་སའི་གཞུང་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་གཞི་ཧ་ཅང་ཡག་པོ་སྤེལ་བར་ཡི་རང་བསྔགས་བརྗོད་ཀྱང་ཞུས་པར་རྫོང་དཔོན་མཆོག་དགའ་ཚོར་ཆེན་པོ་བྱུང་འདུག སྐབས་དེར་མཎ་ཌི་ས་གནས་འགོ་འཛིན་བསྟན་འཛིན་རྣམ་རྒྱལ་ལགས་ཕེབས་འདུག
གཞན་ཡང་ཁུལ་དེར་གནས་འཁོད་བུད་མེད་ཚོགས་པས་ཡུལ་མི་ཉམ་ཐག་ཚོར་འབྲས་དང་གྲོ་ཞིབ། བཟའ་སྣུམ་སོགས་བཟའ་ཆས་རིགས་སྦྱིན་པ་བཏང་དང་གཏོང་བཞིན་པ་མ་ཟད། ལག་པ་འཁྲུ་ཆས་སོགས་བགོས་འགྲེམ་གནང་བཞིན་ཡོད་འདུག
སྤྱིར་ཚོགས་པ་དེས་དེ་སྔ་ནད་ཡམས་ཁྱབ་གདལ་བྱུང་མཚམས་ནས་ད་བར་བོད་མི་དང་ཡུལ་མི་བཅས་ཁྱོན་ཁྱིམ་ཚང་ཉམ་ཐག་གྲངས་ ༦༡ སྒོ་རྩར་ཕྱིན་ནས་དགོས་མཁོའི་ཡོ་བྱད་གང་ཐུབ་མཐུན་འགྱུར་ཆེད་རོགས་རམ་གནད་སྨིན་གནང་མུས་ཡིན་འདུག ས་འཐུས་ཟུར་པ་ཀརྨ་བསྟན་འཛིན་ལགས་ཀྱི་སྣེ་ཁྲིད་འོག་ཞལ་འདེབས་ཧིན་སྒོར་ ༡༧༠༠༠ བསྡུ་རུབ་ཐུབ་པ་མ་ཟད། བོད་མི་ཁྱིམ་ཚང་གྲངས་ ༢༡ དང་ཡུལ་མི་ཉམ་ཐག་ཁྱིམ་ཚང་གྲངས་ ༢ ལ་བཟའ་འབྲུའི་སྦྱིན་པ་བཏང་འདུག །