ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་གཉན་རིམས་འདི་བཞིན་ད་ཆ་འཛམ་གླིང་གང་སར་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་མ་ཟད། ནད་ཡམས་དེ་རྒྱ་གར་ནང་དུའང་སླེབས་ཡོད་སྟབས། ཧི་མཱ་ཅལ་མངའ་སྡེ་གཞུང་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་བཞིན་པར། སྦིར་བོད་ཚོགས་ལས་ཁུངས་ཀྱི་ངོས་ནས་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུའི་མཚོན་ཆེད་དུ་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༩ ཉིན་སྦིར་བོད་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇེ་ཡཱི་རཱམ་ཐཱ་ཀུར་ Sri Jai Ram Thakur མཆོག་གི་མཚན་ཐོག་ཏུ་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་དང་སྤྱི་ཁྱབ་བློན་ཆེན་མཆོག་གི་གདུང་སེམས་མཉམ་སྐྱེ་ཐེབས་རྩར་ཧིན་སྒོར་འབུམ་གཅིག་ཞལ་འདེབས་ཕུལ་ཡོད་པ་དང་། དེ་བཞིན་ཧི་མཱ་ཅལ་མངའ་སྡེ་ཀངྒ་ར་རྫོང་གི་རྫོང་དཔོན་སྐུ་ཞབས་ར་ཀེཤ་ཀུ་མཱར་པྲ་ཇཱ་པ་ཏི་ Shri Rakesh Kumar Prajapati མཆོག་གི་མཚན་ཐོག་ཏུའང་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་དང་རྫོང་དཔོན་མཆོག་གི་ཐེབས་རྩར་ཧིན་སྒོར་ལྔ་ཁྲི་ཐམ་པ་ཞལ་འདེབས་ཕུལ་འདུག
དེ་ཡང་སྦིར་བོད་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། སྦིར་བོད་ཚོགས་ལས་ཁུངས་ཀྱི་ངོས་ནས་རྒྱ་གར་དབུས་དང་མངའ་སྡེ་གཞུང་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་པར་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞེས་རྒྱུ་དང་། ཏོག་དབྱིབས་གཉན་རིམས་འགོས་པའི་ནད་པ་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བ་དང་ནད་ཡམས་འདི་ཉིད་མགྱོགས་མྱུར་ཞི་བའི་སྨོན་འདུན་ཞུ། ཞེས་གསུངས།།