ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །འདི་གར་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ལྦུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་གཉན་རིམས་འདི་བཞིན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ནད་ཡམས་དེ་བཞིན་རྒྱ་གར་ནང་སླེབས་ཡོད་པ་དང་། ལྷག་པར་དེས་རྐྱེན་ཡུལ་མི་ཉམ་ཐག་མང་པོ་ཞིག་ལ་ཉིན་རེའི་ཟ་ཆས་ཐད་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པར་བརྟེན། ཁེ་ན་ཌ་དང་ཨ་རི། ཡོ་རོབ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་བཞིན་པའི་མེའོ་ཆོས་འཕེལ་གླིང་གཞིས་སྒར་ནས་ཡིན་པའི་བོད་མི་མང་དག་ཅིག་དང་། གཞིས་སྒར་ནང་གི་གཞིས་མི་མང་པོ་ཞིག་ནས་མ་བསྐུལ་དྭང་བླངས་ཐོག་ཞལ་འདེབས་བསྡུ་རུབ་ཀྱིས་ས་གནས་ཀྱི་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཚོགས་ཆུང་ལ་ཕུལ་ཡོད་པ་དང་། ཚོགས་ཆུང་གི་ཚོགས་མི་རྣམས་ཆ་བགོས་ཀྱིས་མེའོ་གཡས་གཡོན་ཡུལ་མིའི་གྲོང་གསེབ་ཁག་བརྒྱད་དུ་བསྐོར་སྐྱོད་ཀྱིས་ཟས་སྦྱིན་རོགས་རམ་ཕུལ་ཐུབ་པ་བྱུང་ཡོད།
དེ་ཡང་ཟས་སྦྱིན་ནང་ཁྱོན་འབྲས་ཀི་ལོ་ ༥༣༨༥ དང་། སྲན་མ་ཀི་ལོ་ ༣༥༩ ཞོག་ཁོག་ཀི་ལོ་ ༣༥༩ ཟ་སྣུམ་ལི་ཊར་ ༡༤༠ བཅས་ལ་ཁྱོན་སྒོར་ ༢༢༣,༦༨༠།༠༠ འགྲོ་གྲོན་བཏང་སྟེ་ཡུལ་མི་ཁྱིམ་ཚང་ ༣༥༩ ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཐུབ་པ་བྱུང་ཡོད། ཆར་དུས་རྐྱེན་པས་གྲོང་གསེབ་ལ་འགྲོ་ལམ་མེད་རྐྱེན་གྲུ་བརྒྱུད་ཟས་སྦྱིན་རྣམས་འོར་འདྲེན་གྱི་ལམ་ནས་བགོ་འགྲེམས་བྱས་ཡོད། མེའོ་ནས་ཡིན་པའི་ཞལ་འདེབས་གནང་མཁན་ཕྱི་རྒྱལ་ཡུལ་གྲུ་ཁག་དང་གཞིས་སྒར་གྱི་གཞིས་མི་ཡོངས་ལ་ས་གནས་འགོ་འཛིན་ལས་ཁང་དང་ས་གནས་ཀྱི་ཏོག་དབྱིངས་སྔོན་འགོག་ཚོགས་ཆུང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མ་ཟད་མངའ་གཞུང་བློན་ཆེན་སྐུ་ཞབས་ཀམ་ལོང་མོ་སང་མཆོག་གིས་ཀྱང་མེའོ་གཞིས་སྒར་གྱི་བོད་མིས་དེ་སྔོན་མངའ་སྡེའི་བློན་ཆེན་ཛ་དྲག་མ་དངུལ་དུ་སྒོར་ ༡༥༤,༠༥༡།༠༠ དང་། མེའོ་རྫོང་དཔོན་གཞོན་པའི་ཛ་དྲག་མ་དངུལ་ནང་སྒོར་ ༥༠,༠༠༠།༠༠ ཞལ་འདེབས་ཕུལ་སྐོར་དང་། དེ་བཞིན་ད་ལན་ཁྱབ་ཁོངས་ཡུལ་མི་ཚོར་ཟས་སྦྱིན་གྱིས་རོགས་རམ་བྱས་པ་བཅས་ཀྱི་སྐོར་ཁོང་གི་གཞུང་འབྲེལ་ངོ་དེབ་སྟེང་ཐུགས་རྗེ་ཆུ་ཞུའི་བསྔགས་བརྗོད་ཀྱང་གནང་ཡོད་འདུག