ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༩ ཉིན་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱ་བཏང་རྐྱེན་མི་མང་ས་ཡ་མང་པོར་དཀའ་ངལ་འཕྲད་བཞིན་པ་མ་ཟད། ལྷག་པར་ཉིན་གླར་བརྟེན་ནས་འཚོ་བཞིན་པའི་ཡུལ་མི་ས་ཡ་མང་པོར་ལས་ཀའི་གོ་སྐབས་ཤོར་བ་སོགས་ལ་བརྟེན་ནས་འཚོ་བར་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་ཛ་དྲག་ཆེ་བའི་གནས་སྟངས་ལ་གདོང་ལེན་ཆེད་རྒྱ་གར་དབུས་ས་གཉིས་ཙམ་མ་ཟད། རྫོང་དང་གྲོང་སྡེ་ལས་ཁུངས་སོགས་ནས་ཀྱང་ངལ་སེལ་རོགས་སྐྱོར་ལས་གཞི་ཚ་ཚ་འུར་འུར་ངང་སྤེལ་བཞིན་པར་རྒྱ་གར་ཙམ་མ་ཟད། ཕྱི་རྒྱལ་གནས་སྡོད་བཙན་བྱོལ་བོད་མི་སྤྱི་སྒེར་གཉིས་ནས་རང་ནུས་གང་ཡོད་ཞལ་འདེབས་འབུལ་རྒྱུས་མཚོན་རོགས་རམ་ཞུ་དགོས་པ་བཀའ་ཤག་གིས་འབོད་སྐུལ་གནང་བ་ལྟར།
ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་མིག་དམར་བཀྲ་ཤིས་ལགས་ཀྱིས་ཆ་ཏི་སི་སྒར་ Chattisgarh མངའ་སྡེའི་སུ་གུ་ཇ་ Suguja རྫོང་གི་རྫོང་དཔོན་ A L Dhruv ལགས་སུ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ངལ་སེལ་ལས་གཞིར་ཧིན་སྒོར་ ༣༡༥༠༠༠ ཞལ་འདེབས་གནང་ཡོད་འདུག སྐབས་དེར་མན་སྤར་ཕན་བདེེ་གླིང་སོ་ནམ་མཉམ་འབྲེལ་ཚོགས་གཙོ་རྟ་མགྲིན་ཚེ་རིང་ལགས་དང་ས་གནས་ལས་དྲུང་བསྟན་འཛིན་དཔལ་འབྱོར་ལགས་ལྷན་བཅར་ཞུས་ཡོད་པ་བཅས། །