ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྒྱ་གར་ནང་དུའང་ཁྱབ་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནས་ཧི་མཱ་ཅལ་མངའ་སྡེའི་ཀངྒར་རྫོང་གི་ཏོག་དབྱིབས་མཉན་རིམས་ངལ་སེལ་རོགས་སྐྱོར་ཚན་པས་ད་བར་ནད་ཡམས་སྔོན་འགོག་གི་ལས་གཞི་ཚ་ཚ་འུར་འུར་ངང་སྤེལ་བར་ཡི་རང་བསྔགས་བརྗོད་དང་སྦྲགས། ཧིན་སྒོར་འབུམ་གསུམ་ཞལ་འདེབས་ཕུལ་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀངྒ་ར་རྫོང་དཔོན་སྐུ་ཞབས་ར་ཀེཤ་ཀུ་མཱར་པྲ་ཇཱ་པ་ཏི་ Shri Rakesh Kumar Prajapati མཆོག་ལ་གསུང་དོན། སྐུ་ཞབས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་འགུལ་ཚགས་ཚུད་སྤེལ་བཞིན་པ་མ་ཟད། ཐེམ་སྤང་བཀའ་རྒྱའི་འོག་ཉིན་ལྟར་མི་མང་གི་དགོས་མཁོ་བཟའ་ཆས་རིགས་དང་སྨན་གྱི་མཐུན་འགྱུར་སོགས་གྲ་སྒྲིག་ཧ་ཅང་ཡག་པོ་གནང་མུས་རེད། ལས་དོན་དེར་གདུང་སེམས་མཉམ་སྐྱེ་མཚོན་སླད་བོད་མིའི་སྒྲིག་འཛུགས་ནས་མངའ་སྡེའི་རྫོང་གི་ཏོག་དབྱིབས་མཉན་རིམས་ངལ་སེལ་ཚོགས་ཆུང་ལ་ཧིན་སྒོར་འབུམ་གསུམ་ཞལ་འདེབས་འབུལ་བ་དང་སྦྲགས། ང་ཚོའི་ངོས་ནས་འབྲེལ་ཡོད་ལས་ཁུངས་ལ་མཐུན་འགྱུར་ཞུ་སྒོ་མཐའ་དག་ཆད་ལྷག་མེད་པ་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད། རྫོང་ལས་ཁུངས་ནས་ས་གནས་བོད་མི་བཙན་བྱོལ་བ་རྣམས་ལ་གཉན་འཕྲང་གི་དུས་སྐབས་འདིར་ནད་ཡམས་དང་འབྲེལ་བའི་ལམ་སྟོན་སོགས་ཀྱིས་གཙོས་གཟིགས་སྐྱོང་ཧ་ཅང་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད།
ཧིན་སྒོར་འབུམ་གསུམ་གྱི་དངུལ་འཛིན་དེ་བཞིན་དྲིལ་བསྒྲགས་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས་ཀྱིས་རྫོང་དཔོན་ལགས་ལ་ཕུལ་འདུག སྐབས་དེར་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་དང་། བདེ་སྲུང་ཡན་ལག་འགན་འཛིན་སྐལ་བཟང་བསྟན་འཛིན་ལགས་ཀྱང་ཕེབས་འདུག རྫོང་དཔོན་ནས་ཀྱང་བོད་མིའི་སྒྲིག་འཛུགས་ལ་ཐུགས་རྗེ་ཆེ་གསུང་པ་དང་སྦྲགས། རྡ་སའི་ཁུལ་གནས་བོད་མི་ཚོས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་བཀའ་གསུང་ཅི་སྒྲུབ་ཐོག་ཡུལ་ཁྲིམས་ལ་བརྩི་བཀུར་དང་ལེན་གནང་བར་བསྔགས་བརྗོད་གནང་འདུག བོད་མིའི་སྐུ་ཚབ་རྣམ་པས་རྫོང་དཔོན་གཞོན་པའི་ལས་ཁུངས་སུའང་བཅར་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་ཏོག་དབྱིབས་ནད་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ལམ་སྟོན་ཇི་ཡོད་རྣམས་མཐའ་གཅིག་ཏུ་སྲུང་བརྩི་ཞུ་རྒྱུའི་ཁས་ལེན་ཡང་གནང་འདུག་པ་བཅས། །