ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༣ རེས་གཟའ་པ་སངས་ཕྱེད་ཡོལ་ཆུ་ཚོད་ ༤ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID19 ལས་དོན་ཚོགས་ཆུང་གིས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་ཡམས་ཕོགས་མཁན་དང་འདས་གྲོངས་སུ་ཕྱིན་པ་རྒྱལ་སྤྱིའི་ཁྱོན་དུ་བོད་མི་གྲངས་ཇི་ཙམ་བྱུང་བ་དང་། སྔོན་འགོག་གི་ལས་དོན་ཇི་འདྲ་སྤེལ་བཞིན་ཡོད་པའི་ཐོག་གསར་འགོད་གསལ་བསྒྲགས་ཐེངས་༣༢ གཉིས་པ་དེ་སྤེལ་ཡོད། དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤེལ་བའི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢ ནང་ཚུད་ལ་སྤྱིར་རྒྱལ་སྤྱིའི་ཁྱོན་དུ་རྒྱལ་ཁབ་གྲངས་ ༢༠༦ ནང་ཏོག་དབྱིབས་ནད་ཡམས་ཕོག་མཁན་མི་གྲངས་ ༩༠༠༠ ༣༠༦ བྱུང་ཞིང་། མི་གྲངས་ ༤༥༦༩༣ འདས་གྲོངས་སུ་གྱུར་ཡོད་འདུག རྒྱ་གར་ནང་ལ་མཚོན་ནའང་གོང་ཚེས་ཉིན་བར་རྒྱ་གར་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལས་ཁུངས་ཀྱི་སྙན་ཐོ་ལྟར་བྱས་ན་ཏོག་དབྱིབས་ནད་ཡམས་ཕོག་པ་མི་གྲངས་ ༢༠༨༨ དང་འདས་གྲོངས་སུ་གྱུར་བ་ ༥༦ དྲག་སྐྱེད་བྱུང་བ་མི་གྲངས་ ༡༥༦ བཅས་བྱུང་འདུག
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID19 ལས་དོན་ཚོགས་ཆུང་ལྟར་ན། ཕ་རན་སི་རྒྱལ་ས་པེ་རི་སི་ནས་ཏོག་དབྱིབས་ནད་ཡམས་ཕོག་མཁན་བོད་མི་གཅིག་བྱུང་ཡོད་ཀྱང་ནང་མི་སུ་གཅིག་ལ་ནད་རྟགས་ཐོན་མེད། འདས་གྲོངས་སུ་གྱུར་བའི་བོད་མི་གཉིས་ནས་གཅིག་དགུང་གྲངས་ ༧༩ སོན་པ་ཨ་རི་ནས་བཞུགས་སྒར་དུ་ཕེབས་རྗེས་ནད་ཡམས་དེས་རྐྱེན་གྱིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༣ ཉིན་འདས་གྲོངས་སུ་གྱུར་ཡོད་ཅིང་། ཨིན་ཡུལ་རྒྱལ་ས་ལོན་ཌོན་དུ་དགུང་གྲངས་ ༨༤ སོན་པ་ཞིག་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༤ ཉིན་ཕྱི་མའི་ལྔ་ལམ་དུ་གྱུར་ཡོད་འདུག
རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ ༣༦ ཡོད་ཁོངས་ནས་གཞིས་ཆགས་ ༢༧ ནང་དུ་བོད་མི་ཁྱོན་ ༡༥༩༧ ས་ཕྱོགས་གཞན་དུ་འགྲིམ་འགྲུལ་བྱས་རྐྱེན་ཉིན་གྲངས་ ༡༤ རིང་ཟུར་བཀག་ཐོག་འབྲེལ་ཡོད་ས་གནས་སྨན་ཁང་གིས་བརྟག་དཔྱད་གནང་མུས་ཡིན་འདུག ཟུར་བཀག་བོད་མི་དེ་དག་ཨ་རི་ནས་ཕེབས་མཁན་མི་གྲངས་གཉིས། རྒྱ་གར་གྱི་ས་གནས་རང་དུ་འགྲིམ་འགྲུལ་བྱེད་མི་གསུམ། དོགས་གཞི་ཅན་དང་ཐད་ཀར་འབྲེལ་ཡོད་མི་སྣ་ཁག་གཅིག་སོགས་ཡིན་འདུག རྡ་སར་བོད་མི་ལྔ་རང་ཤག་ཏུ་ཟུར་བཀག་ཐོག་སྨན་ཞབས་པས་དུས་དུས་སུ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་མུས་རེད་འདུག
འདི་ག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID19 ལས་དོན་ཚོགས་ཆུང་གིས་རྒྱ་གར་ཙམ་མ་ཟད་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཡོངས་ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནས་སྟངས་རྒྱུས་ལོན་བྱས་དང་བྱེད་མུས་ཡིན། དེ་ཡང་བདུན་ཕྲག་གཅིག་གི་ནང་ཚུད་ལ་འདི་ག་ཚོགས་ཆུང་གིས་ད་ལྟ་བོད་མི་ཟུར་བཀག་ཡོད་པ་དེ་དག་ལ་ཆ་རྐྱེན་གཉིས་འོག་ནས་གསོ་རིག་སྨན་སྦྱིན་དང་ལུས་སེམས་བདེ་ཐང་ཡོང་སླད་སྲོལ་རྒྱུན་ལམ་ལུགས་ཀྱི་མཐུན་འགྱུར་ཇི་དགེ་ཞུ་གཏན་འཁེལ་ཡོད་འདུག མཐུན་འགྱུར་དེ་དག་སྨན་རྩིས་ཁང་དང་ས་གནས་སྨན་ཁང་ནས་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་ཨ་རི་དང་ཁེ་ན་ཌ། ཡུ་རོབ། ཨོ་གླིང་། ར་ཤི་ཡ། བལ་ཡུལ་བཅས་ཀྱི་སྐུ་ཚབ་དོན་གཅོད་དང་འབྲེལ་བ་ཞུས་ནས་ས་གནས་སྨན་རྩིས་ཁང་བརྒྱུད་མཐུན་འགྱུར་གནང་རྒྱུ་རེད།
ལྷག་པར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID19 ལས་དོན་ཚོགས་ཆུང་གིས་ནད་ཡམས་ཕོག་རྒྱུར་ཉེན་ཁ་ཡོད་མཁན་བོད་པའི་སྤྱི་ཚོགས་དང་། ནད་ཡམས་དེར་ཐད་ཀར་གདོང་ལེན་གནང་མཁན་སྨན་པ་དང་སྨན་ཞབས་པ་སོགས་ལ་སྔོན་འགོག་གི་མཐུན་རྐྱེན་ཇི་དགེ་མཁོ་སྒྲུབ་ཞུ་རྒྱུས་མཚོན་མང་ཚོགས་ལ་ནད་ཡམས་དེའི་སྐོར་མཁས་པའི་བསམ་ཚུལ་དང་ལམ་སྟོན་གྱི་གོ་རྟོགས་སྤེལ་རྒྱུ་སོགས་གྲ་སྒྲིག་ཨང་གསར་ཡོད་འདུག
ནད་ཡམ་དེ་དག་འབྲེལ་བའི་དོགས་འདྲི་རིགས་ཡོད་མཁན་ཚོར་དྲ་ཐོག་བརྒྱུད་ལམ་སྟོན་ཞུ་ཆེད་འདིར་གནོན།
བཞུགས་སྒར་གནས་འཁོད་བོད་མི་ཚོས་ཞལ་པར་ཨང་གྲངས་ ༢༢༢༠༥༣ ཐོག་འབྲེལ་བ་གནང་རོགས། གལ་ཏེ་ཁྱེད་ལ་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་རྟགས་གློ་བརྒྱབ་པ་དང་། ཚ་བ་འཕར་བ། དབུགས་འཚངས་པའི་དཀའ་ངལ་སོགས་བྱུང་ཚེ་ས་གནས་སྨན་ཁང་དུ་ངེས་པར་ཕེབས་ནས་སྨན་པས་ལམ་སྟོན་རྣམས་ཚུལ་བཞིན་ལག་བསྟར་གནང་གལ་ཆེ། ཅི་སྟེ་ནད་རྟགས་ཉིན་རེ་བཞིན་ཤུགས་ཆེར་སོང་ཚེ་ངེས་པར་དུ་སྨན་བཅོས་གནང་དགོས།
འདིར་བོད་མི་ཡོངས་ལ་འདོད་སྐུལ་ཞུ་རྒྱུར། རྒྱ་གར་དབུས་སའི་གཞུང་གིས་ཐེམ་སྤང་བཀའ་རྒྱའི་ཐོག་ལམ་སྟོན་ཇི་ལྟར་གནང་བ་དེ་དག་བོད་མི་ཡོངས་ཀྱིས་ཚུལ་བཞིན་བརྩི་བཀུར་ཞུ་དགོས་པ་འགག་རྩ་ཆགས་ཡོད། དེར་བརྟེན་མི་དང་མི་ཕན་ཚུན་འབྲེལ་བ་གནང་སྐབས་བར་ཐག་ངེས་པར་དུ་བཞག་དགོས་པ་དང་། ལག་པ་བཀྲུ་དགོས་པ་སོགས་ལམ་སྟོན་གནང་འདུག
གསར་འགོད་གསལ་བསྒྲགས་སྤེལ་མཁན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID19 ལས་དོན་ཚོགས་ཆུང་གི་ལས་བྱེད་ཚེ་རིང་མཚམས་གཅོད་ལགས་དང་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་གཉིས་ཡིན་འདུག ཚོགས་ཆུང་གི་འགན་ཁུར་བཞེས་མཁན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། ཕྱི་ལུགས་དང་གསོ་རིག་༸སྐུའི་བླ་སྨན་པ་ཚེ་བརྟན་ལགས་དང་ཚེ་དབང་རྟ་མགྲིན་ལགས། གཞན་ཡང་སྨན་གྱི་མཁས་ལས་པ་བཅས་ཡིན་འདུག
ཐུགས་སྣང་། གོང་གི་གསར་འགོད་གསལ་བསྒྲགས་ཐོག ནིའུ་ཛི་ལེནྜི་ནས་བོད་མི་ཞིག་ཏོག་དབྱིབས་ནད་ཡམས་རྐྱེན་པས་འདས་གྲོངས་སུ་གྱུར་ཚུལ་བསྒྲགས་པ་དེ་གནས་ཚུལ་བདེན་པ་མིན་པ་ར་འཕྲོད་བྱུང་འདུག