ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །མི་ཡུལ་དུ་ཐོ་ལེ་བྱུང་བའི་ཐེངས་འདིའི་ཏོག་དབྱིབས་རིམས་ནད་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཟིན་ཐོ་ནང་མཐོང་དཀོན་པ་ཞིག་རེད། དེ་བཞིན་རིམས་ནད་འདིས་ཀྱང་འབྱུང་འགྱུར་འཛམ་གླིང་གི་གནས་བབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན། ད་ལྟ་ང་ཚོས་རིམས་ནད་འདི་མཆེད་ཚུལ་ལ་བལྟས་ན། དུས་མཚམས་གསུམ་ཙམ་བྱས་མཆེད་བཞིན་ཡོད་པ་དང་། དེ་ཡང་དང་པོར་ཕྱོགས་ཙམ་ནས་ཐོལ་གྱིས་བྱུང་བ་དང་། དེ་ནས་སྡེ་ཁུལ་ཁག་ཏུ་རིམ་གྱིས་མཆེད་པ། མཐའ་མ་གཞི་རྒྱ་ཆེན་པོའི་བརྒྱུད་སྤེལ་བྱེད་ཀྱི་ཡོད་པ་རེད།
མིག་སྔར་ཏོག་དབྱིབས་ནད་དུག་ཐོག་མར་ཐོན་ས་རྒྱ་ནག་ལ་མཚོན་ན། ཟླ་ ༤ ཚེས་ ༢༧ ཉིན་བར་རྒྱ་ནག་ནང་ཏོག་དབྱིབས་གློ་ཚད་ནད་པ་ ༨༢༨༣༠ ཡོད་པ་དང་། དེའི་ནང་ནད་པ་ ༤༦༣༣ འདས་གྲོངས་སུ་སོང་ཡོད་ཚུལ་བཤད།[1] གང་ལྟར་རྒྱ་ནག་ནང་རིམས་ནད་ཁྱབ་གདལ་ཚབས་ཆེས་ཆེ་བའི་ས་ཁུལ་ཧུའུ་པེ་དང་། ཧུའུ་ནན། ཀོང་ཏུང་། ཧི་ནན། ཀྲེ་ཅང་བཅས་ཞིང་ཆེན་ལྔ་ཡིན་པ་དང་། ཞིང་ཆེན་འདི་དག་ནང་ནད་པ་ ༧༣༢༧༧ བྱུང་འདུག དེའི་ནང་ཝུའུ་ཧན་གཙོ་བྱས་པའི་ཧུའུ་པེ་ཞིང་ཆེན་ཁོ་ནའི་ནང་ནད་པ་ ༦༨༡༢༨ བྱུང་ཡོད་པ་རེད།[2] འདིས་ཀྱང་རྒྱ་ནག་རྒྱལ་ཡོངས་ཀྱི་གློ་ཚད་ནད་པའི་སྤྱིའི་སྡོམ་གྲངས་ཀྱི་ ༨༢.༣% ཟིན་འདུག
དེ་བཞིན་རྒྱ་དམར་དབང་སྒྱུར་འོག་རང་རེའི་བོད་ནང་ལ་མཚོན་ན། སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཚུངས་སྒྱུར་གྱི་སྲིད་ཇུས་སྤེལ་ཏེ་“མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ”ཟེར་བ་དང་། “ཕན་ཚུལ་མཉམ་འདྲེན་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་གཏོད་རྒྱུར་སྐུལ་འདེད་གཏོང་བ” [3]ཟེར་བ་ལ་བརྟེན་ནས། བོད་ཀྱི་ས་ཁུལ་དུ་རྒྱ་རིགས་འགྲོ་འོང་ཆེས་མང་བས་ཐེངས་འདིའི་རིམས་ནད་ཁྲོད་རང་རིགས་རྣམས་ལ་ཉེན་ཁ་གང་འཚམས་བཟོས་ཡོད། འདིར་ཆེད་དུ་བརྗོད་དགོས་པ་ཞིག་ནི། ཟླ་ ༡ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ བར་ཝུའུ་ཧན་གྲོང་ཁྱེར་བཀག་སྡོམ་བྱེད་པ་ཁྱབ་བསྒྲགས་བྱས་ཟིན་པ་དང་། ཚེས་ ༢༤ ཉིན་ཝུའུ་ཧན་གནམ་ཐང་གིས་དུས་གཏན་གནམ་གྲུ་ཚང་མ་འཕུར་སྐྱོད་མེད་པར་བཟོས་ཡོད། འོན་ཀྱང་ལྷ་ས་དང་ཟི་ལིང་བཅས་ཀྱི་དུས་གཏན་གནམ་གྲུ་འཕུར་སྐྱོད་ད་དུང་མཚམས་བཞག་མི་འདུག[4] ནད་ཡམས་ཁྲོད་དུས་གཏན་གནས་གྲུ་ཡོད་ཚད་འཕུར་སྐྱོད་མཚམས་བཞག་རྗེས་བོད་ཁུལ་དུ་ཅིའི་ཕྱིར་འཕུར་སྐྱོད་ད་དུང་མཚམས་མ་བཞག་པ་རེད། འདི་དངོས་གནས་ཧང་སངས་དགོས་པའི་གནས་ཚུལ་ཞིག་དང་། དུས་མཚུངས་སུ་གནད་དོན་འདིར་ང་ཚོས་བསམ་བློ་གཏིང་ཟབ་མི་གཏོང་ཀ་མེད་རེད།
རྒྱ་ནག་ཞིང་ཆེན་ཁག་གི་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་སུ་ཟླ་ ༤ ཚེས་ ༢ བར་དུ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་ལྷ་སར ༡ ། མཚོ་སྔོན་ཞིང་ཆེན་དུ་ཟླ་ ༣ ཚེས་ ༣༠ ཉིན་བར་ནད་པ་ ༡༨ བྱུང་བ་དང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་ ༡༥ དང་། མཚོ་བྱང་ཁུལ་དུ་ ༣ ། དེ་ཚང་མ་དྲག་སྐྱེད་བྱུང་ཟེར། ཀན་སུའུ་ཞིང་ཆེན་དུ་ ཟླ་ ༤ ཚེས་ ༥ ཉིན་བར་ནད་པ་ ༡༣༩ བྱུང་བ་དང་། དེའི་ནང་ཀན་ལྷོ་ཁུལ་དུ་ ༨ ། ནད་པ་ ༡༣༩ ལས་མི་ ༢ འདས་གྲོངས་སུ་སོང་ཟེར། སི་ཁྲོན་ཞིང་ཆེན་དུ་ཟླ་ ༤ ཚེས་ ༡༨ ཉིན་བར་ནད་པ་ ༥༦༡ བྱུང་བ་དང་། ཁོངས་གཏོགས་དཀར་མཛེས་ཁུལ་དུ་ནད་པ་ ༧༨ ། ཡང་དཀར་མཛེས་ཁོངས་གཏོགས་ཀྱི་རྟའུ་རྫོང་དུ་ནད་པ་ ༧༣ ། རྔ་བ་ཁུལ་དུ་ནད་པ་ ༡ བཅས་བྱུང་། སི་ཁྲོད་ཞིང་ཆེན་གྱི་ནད་པ ༥༦༡ ལས་མི་ ༣ འདས་གྲོངས་སུ་སོང་ཟེར། ཡུན་ནན་ཞིང་ཆེན་ནང་ནད་པ་ ༡༨༤ བྱུང་ཡོད་པ་དང་། བདེ་ཆེན་ཁུལ་དུ་ནད་པ་གཅིག་ཀྱང་བྱུང་མེད་ཚུལ་འདུག
གོང་གསལ་གཞི་གྲངས་ལས་མདོ་དབུས་ཁམས་གསུམ་བོད་ཁུལ་ཡོངས་སུ་ཐེངས་འདིར་ཏོག་དབྱིབས་ནད་དུག་ཕོག་མཁན་ཟླ་ ༤ བའི་ཟླ་དཀྱིལ་བར་དུ་ཁྱོན་བསྡོམས་ནད་པ ༡༠༦ བྱུང་ཡོད་པ་དང་། འདི་རྣམས་ལས་ནད་པ་མང་ཆེ་བ་ཁམས་རྟའུ་རྫོང་ནས་ཡིན་ཞིང་། དེས་ཀྱང་བོད་ཁུལ་གྱི་ནད་པའི་སྡོམ་གྲངས་ཀྱི་ ༦༨.༨% ཟིན། དེ་ལྟར་ན་ཁམས་རྟའུ་རྫོང་ནི་ཐེངས་འདིའི་ཏོག་དབྱིབས་ནད་དུག་ཁྲོད་བོད་ཁུལ་གྱི་ཝུའུ་ཧན་ལྟ་བུ་ཆགས་འདུག ཡིན་ནའང་བོད་ཁུལ་དུ་ནད་པའི་གནས་ཚུལ་སྐོར་རྒྱ་ནག་གཞུང་གི་ཐོ་འགོད་ནང་ནད་པའི་མིང་ཆ་ཚང་དང་མི་རིགས་གང་ཡིན་བཅས་ཁ་གསལ་མེད་སྟབས། གོང་གསལ་བོད་ཀྱི་ས་ཁུལ་དུ་ཁྱོན་བསྡོམས་མི་གྲངས་ ༡༠༦ ལ་ནད་དུག་ཕོག་པའི་ནང་བོད་རིགས་ག་ཚོད་ཙམ་ཡོད་མེད་གསལ་པོ་ཤེས་དཀའ། ཡིན་ཡང་ང་ཚོས་ནད་པ་རྣམས་ཀྱི་རུས་མིང་དང་སྡོད་གནས་[5]སོགས་ལ་བརྟེན་ནས་ཚོད་རྩིས་བྱས་ན། ཁམས་རྟའུ་རྫོང་དུ་ཉུང་མཐའ་བོད་རིགས་ ༦༩ ལ་ཐེངས་འདིའི་ཏོག་དབྱིབས་ནད་དུག་ཕོག དེ་དག་ནི་གཙོ་བོ་རྟའུ་རྫོང་གི་བྲོ་འོད་དང་། ཁུག་ཆགས། ཁང་གསར། དབའ་ཞབས། མ་ཟུར། ཕྱག་རི་གྲོང་རྡལ་བཅས་སྡེ་ཁུལ་ལྔ་དང་གྲོང་རྡལ་གཅིག་བཅས་ཀྱི་ནང་ནད་དུག་ཕན་ཚུན་འགོས་ཡོད་པ་དང་། དེ་དག་ཁྲོད་འདས་གྲོངས་སུ་སོང་བ་མེད་ཟེར། དེ་མིན་རྔ་བ་ཁུལ་གྱི་ནད་པ་ ༡ དང་། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ་བཅས་སུ་ནད་པ་ ༡༨ ཐོན་པ་ཡོངས་རྫོགས་རྒྱ་རིགས་དང་ཧུའེ་རིགས་རེད་འདུག[6] དེ་བཞིན་ཀན་ལྷོ་ཁུལ་གྱི་ནད་པ་ ༨ ལས་བོད་རིགས་ཡོད་མེད་ཤེས་རྟོགས་དཀའ་ཞིང་། རུས་མིང་ལ་བལྟས་ན་ཚང་མ་རྒྱ་རིགས་ཡིན་ཤས་ཆེ། གང་ལྟར་རྟའུ་རྫོང་ལས་ཐོན་པའི་བོད་རིགས་ཀྱི་ནད་པ་ནི་བོད་ཁུལ་ཡོངས་ཀྱི་ནད་པའི་བསྡོམས་གྲངས་ཀྱི་ ༦༥% ལྷག་ཟིན་ཡོད་པ་རེད།
རྟའུ་རྫོང་དུ་ནད་དུག་ཕོག་མཁན་འདི་འདྲ་མང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། གཅིག སྲིད་གཞུང་གིས་རིམས་ནད་ཀྱི་ཉེན་ཁ་རང་བཞིན་ལ་ངོས་འཛིན་བྱེད་ཚད་མ་འདང་བ། གཉིས། མང་ཚོགས་ཀྱིས་ནད་ཡམས་ལ་དོགས་ཟོན་གྱི་འདུ་ཤེས་མེད་པ། གསུམ། སྨན་བཅོས་མ་ལག་གི་ནུས་པ་ཞན་པ། བཞི། རྟའུ་རྫོང་ནས་གཡག་རྔ་དང་ཁྲིན་ཏུའུ་གྲོང་ཁྱེར་བཅས་ལ་ཐག་ཉེ་བས། རྒྱ་རིགས་སོགས་བོད་དུ་འགྲོ་འོང་མང་བ་ལ་སོགས་ཀྱིས་ཕྱི་ནས་ཡོང་བའི་ཏོག་དབྱིབས་ནད་དུག་རྒྱ་ཆེར་མཆེད་པ་རེད་སྙམ།
དེར་བརྟེན་བདག་ཅག་གི་སྐྱབས་མགོན་༸གོང་ས་མཆོག་གིས་ཟླ་ ༢ ཚེས་ ༡༥ ཉིན་ཡས་མས་སུ་རྟའུ་ས་ཁུལ་གྱི་མི་དམངས་ལ་ཆེད་དུ་ནད་ཡམས་དང་རྐྱེན་ངན་བར་ཆད་ཕྱིར་བཟློག་བྱེད་ཐབས་སུ། མ་ཎི་ཡིག་དྲུག་དང་སྒྲོལ་མའི་གཟུངས་སྔགས་སོགས་གང་མང་བགྲང་ནས་སྒྲིབ་སྦྱང་ཚོགས་བསགས་བྱེད་དགོས་པའི་ལམ་སྟོན་གནང་ཡོད།
རྒྱ་ནག་ནང་ཁུལ་དུ་ཏོག་དབྱིབས་ནད་དུག་རྒྱ་ཆེར་མཆེད་བཞིན་པའི་སྐབས་སུ་རྒྱ་ནག་ནང་སར་ད་དུང་བོད་རིགས་ཀྱི་སློབ་མ་ ༢༥༠༠༠ ལྷག་ཡོད། སློབ་མ་དེ་རྣམས་པེ་ཅིན་དང་། ཧྲང་ཧའེ། ཐེན་ཅིན། ཁྲུན་ཆིན། སི་ཁྲོན། ཀོང་ཏུང་། ཧྥི་ཅན། ཧུའུ་ནན། ཧུའུ་པེ། ཧྲན་ཏུང་། ཅང་ཞི། ཀྲེ་ཅང་། ལའོ་ཉིན་སོགས་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༢༢ ནང་བསྡད་འདུག[7] རྒྱ་ནག་ཏུ་ཏོག་དབྱིབས་གློ་ཚད་ནད་དུག་རྒྱ་ཆེར་མཆེད་བཞིན་པའི་སྐབས་ཏེ་རྒྱའི་ལོ་གསར་སྐབས་སུ་ཝུའུ་ཧན་གྲོང་ཁྱེར་དུ་བོད་རིགས་ཀྱི་སློབ་མ་ ༨༠༠ ལྷག་ཡོད་པ་དང་། དེའི་སྟེང་བོད་ནས་བུ་ཕྲུག་ཐུག་འཕྲད་དུ་འོང་བའི་སློབ་མའི་ཕ་མ་མི་གྲངས་ ༦༢ ཡོད་ཚུལ་འདུག[8] དེ་རྣམས་རིམས་ནད་འདིའི་ཁྲོད་གནས་ཚུལ་གང་འདྲ་བྱུང་ཡོད་མེད་ཤེས་རྟོགས་བྱུང་མེད། བཤད་ཚུལ་ཞིག་ལ་ཝུའུ་ཧན་དུ་རིམས་ནད་ཁྱབ་གདལ་སྐབས་བོད་རིགས་སློབ་མ་རྣམས་ཀྱིས་བོད་སྨན་བསྟེན་པ་སོགས་བྱས་ཏེ་རང་ཉིད་སྲུང་སྐྱོབ་བྱས་ཡོད་ཚུལ་འདུག
འདིར་ང་ཚོས་ངེས་དགོས་པ་ཞིག་སྟེ། སྤྱི་ཟླ་ ༣ པའི་ཟླ་མཇུག་ནས་བཟུང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་བཀག་སྡོམ་བྱུང་ཡོད་ཚུལ་ཕྱིར་བསྒྲགས་བྱས་རྗེས། རྒྱ་ནག་ནང་ཁུལ་དུ་ནད་དུག་ཕོག་པའི་གནས་ཚུལ་རོབ་ཙམ་མ་གཏོགས་བོད་ཁུལ་སོགས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་སྤེལ་མི་འདུག འོན་ཀྱང་དོན་དངོས་ཐོག་བོད་ཁུལ་ལ་མཚོན་ན་ནད་དུག་ཕོག་ཚད་འདི་ལྟ་བུ་ཉུང་བ་ཞིག་ཨེ་ཡིན་སྙམ། དཔེར་ན་ཟླ་ ༤ ཚེས ༦ ཉིན་ནེ་དྷ་ལན་(Netheland)ནས་མཚོ་སྔོན་ཟི་ལིང་དུ་སླེབས་པའི་རྒྱ་རིགས་རུས་མིང་ཨན་ཅན་ནི་ནད་རྟགས་མེད་པའི་རིམས་ནད་ཅན་དུ་ནད་གཞི་གཏན་འཁེལ་བྱས།[9] ཡིན་ནའང་རྒྱ་ནག་གཞུང་གི་སྡོམ་རྩིས་ནང་འདི་ཚུད་མི་འདུག
དེ་བཞིན་ཟླ་ ༤ ཚེས་ ༨ ཉིན་བསམ་ཡས་དགོན་པ་དང་དེའི་ཉེ་འཁོར་གྱི་དགོན་པ་དག་གློ་བུར་དུ་ཡང་བསྐྱར་བཀག་སྡོམ་བྱས། གལ་ཏེ་ས་ཁུལ་དེར་རིམས་ནད་ཐོན་མེད་ན་ཡང་བསྐྱར་བཀག་སྡོམ་བྱེད་དགོས་དོན་མེད། གཞན་བོད་རང་སྐྱོང་ལྗོངས་ཟེར་བའི་གྲངས་ཐོའི་ནང་ནད་དུག་ཕོག་པའི་ནད་པ་རུས་མིང་ཀྲང་ཅན་གཅིག་ཁོ་ན་ལས་བྱུང་མེད། འོན་ཀྱང་དེ་མ་བྱུང་གོང་ཝུའུ་ཧན་ནས་ཡིན་པའི་རྒྱ་རིགས་རུས་མིང་ཧྲི་ཅན་ལྷ་སར་སླེབས་ཡོད་པ་མ་ཟད་། དེར་ཏོག་དབྱིབས་ནད་དུག་ཀྱང་ཕོག་བསྡད་ཡོད། གང་ཡིན་ཞེ་ན། ཁོ་པ་དང་བཟའ་ཟླ་གཉིས་ཟླ་ ༡ ཚེས་ ༢༣ ཉིན་ལྷ་ས་ནས་ཉིན་ཞ་དབྱིན་ཁྲོན་གནམ་ཐང་དུ་སླེབས་པ་དང་། ལུས་ཁམས་མ་བདེ་བས་ཉིན་ཞ་མི་དམངས་སྨན་ཁང་གིས་བརྟག་དཔྱད་བྱས་རྗེས་རུས་མིང་ཧྲི་ཅན་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་གཏན་འཁེལ་བྱས།[10] དེའི་རྗེས་ལྷ་ས་གྲོང་ཁྱེར་དུ་མི་ ༧ ལ་ནད་དུག་ཕོག་ཡོད་པ་བཤད་ཀྱང་། གོང་རིམ་གྱིས་ཆོག་མཆན་མ་གནང་བའི་པས་ནད་པ་དེ་དག་གྲངས་ཐོ་དང་ཕྱིར་བསྒྲགས་སོགས་བྱས་མེད་ཚུལ་འདུག གནས་ཚུལ་འདི་ལྟ་བུ་ད་དུང་གང་མང་ཡོད་ངེས། དེ་བཞིན་བརྗོད་ཚུལ་ལྟར་ན་ད་ལྟ་རྒྱ་ནག་ནང་དང་བོད་ཀྱི་ས་ཁུལ་དུ་ནད་རྟགས་མེད་པའི་རིམས་ནད་ཅན་དང་། ཐ་ན་ནད་རྟགས་ཐོན་པའི་ནད་པ་དག་ཀྱང་རིམས་ནད་ཅན་གྱི་གྲངས་ནང་མི་ཚུད་པ་དང་། སྲིད་གཞུང་གིས་ཆོག་མཆན་མེད་ན་སྨན་ཁང་གིས་དང་ལེན་བྱེད་ཀྱི་མེད་པའི་གནས་ཚུལ་འདུག
རྒྱ་ནག་གཞུང་གིས་ཕྱི་འཛམ་གླིང་ལ་གཟུགས་བརྙན་ཡག་པོ་ཞིག་སྟོན་ཆེད། ཁོ་པ་རྣམས་ལ་དགོས་པ་དེ་རྒྱ་ནག་གཞུང་གིས་རིམས་ནད་ཚོད་འཛིན་བྱེད་ཐུབ་ཡོད་པའི་རྣམ་པ་དང་། རྒྱ་ནག་ནང་ཁུལ་དུ་རིམས་ནད་ཅན་ཉུང་བ་དང་ཡང་ན་མེད་པ་དང་། ནད་དུག་འགོས་ཚད“ཀླད་ཀོར” ཡིན་ཟེར་བ་དེ་དགོས་ཀྱི་ཡོད་པ་གསལ་པོ་རེད། འདི་ལྟར་ཏོག་དབྱིབས་ནད་དུག་སྔར་ལས་ཆབ་སྲིད་རང་བཞིན་ཅན་དུ་གཏོང་བཞིན་ཡོད། དེར་བརྟེན་རིམས་ནད་འདི་འཛམ་གླིང་ཡོངས་ནས་ཚོད་འཛིན་མ་ཐུབ་པའི་གནས་སུ་ལྷུང་། མ་གཞི་རྒྱ་ནག་གཞུང་གི་གོམས་གཤིས་སམ་སྤྱོད་ངན་ལང་ཤོར་ཞིག་སྟེ། བཟང་ཕྱོགས་དང་ལེགས་པའི་གནས་ཚུལ་བརྗོད་རྒྱུ་ལས་རང་སྐྱོན་དང་ཞན་ཆའི་རིགས་གོང་ལ་ཡར་ཞུ་དང་། ཡང་ན་ཕྱིར་བསྒྲགས་སོགས་བྱེད་སྲོལ་མེད་པས། རྒྱ་ནག་ནང་ཐེངས་འདིའི་ཏོག་དབྱིབས་ནད་དུག་བྱུང་ཁྲོད་དུ་ནད་པའི་གྲངས་དང་། འདས་གྲོངས་སུ་སོང་བའི་གྲངས་བཅས་ཡོངས་རྫོགས་རྫུན་བཟོ་ཚབས་ཆེན་བྱས་ཡོད་ངེས། རྫུན་བཟོ་ཐལ་དྲགས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཟླ་ ༤ པའི་ཚེས་ ༡༦ ཉིན་མ་དྲིས་རང་བཤད་ཀྱི་སྒོ་ནས་རྒྱ་ནག་ནང་ཏོག་དབྱིབས་ནད་དུག་ཕོག་པའི་ཚེ་འདས་གྲངས་སྔར་ཡོད་ ༣༣༤༢ སྟེང་ ༡༢༩༠ སྟེ་ ༥༠% ཧོབ་དེ་ཁ་ལ་ཁ་སྣོན་བྱས་ནས་ ༤༦༣༢ ལ་འཕེར།[11]
མདོར་ན་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་དང་བྱེད་བཞིན་པའི་གཞི་གྲངས་རྣམས་ནི། རང་ཉིད་ཀྱི་ཆབ་སྲིད་དགོས་མཁོ་དང་བསྟུན་ནས་འཕྲི་སྣོན་བྱེད་ཀྱི་ཡོད་པ་ལས། ཕྱི་གསལ་ནང་གསལ་དང་ལྷད་མེད་ཏན་ཏིག་ཅིག་ཐོག་མཐའ་བར་གསུམ་དུ་ཡོང་གི་མེད། རྒྱ་ནག་གཞུང་གིས་གཞི་གྲངས་རྫུན་བཟོ་བྱེད་པ་ནི་ཕྱོགས་གཅིག་ནས་ཁོ་པ་འཚོ་གནས་བྱེད་ཆེད་ཀྱི་ཐབས་ཤེས་ཤིག་ཀྱང་རེད། ཡིན་ཡང་ཕྱོགས་གཞན་གཅིག་ནས་ཐེངས་འདིའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་གནས་ཚུལ་ཕྱོགས་ཡོངས་ནས་རྫུན་བསྒྲིགས་བྱས་པའི་སྟེང་འཛམ་གླིང་མི་དམངས་ཀྱིས་ཀྱང་སྔར་ལས་ལྷག་པར་རྒྱ་དམར་གཞུང་རྒྱུས་ལོན་བྱེད་ཐུབ་ཡོད། གང་ལྟར་ང་ཚོས་འདི་བཞིན་བྱེ་མའི་ཀློང་ནས་གསེར་འཚོལ་བ་ལྟར་རྒྱ་ནག་གི་རྫུན་བསྒྲིགས་ཆེན་པོ་བརྟོལ་ཏེ་བདེན་དོན་ཞིག་རྙེད་དགོས་པ་ཡིན།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཕྱི་དྲིལ་རྒྱ་ཡིག་ཚན་པ་ནས་མཉམ་སྤེལ་བྱས། ༢༠༢༠ ལོའི་ཟླ་ ༤ ཚེས་ ༢༨ ལ།
[
[2] རྒྱ་ནག་རྒྱལ་ཁབ་འཕྲོད་བསྟེན་བདེ
[3] 《མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ
[4] ངོ་དེབ་ལས་ཐོན་པའི་ཝུའུ་ཧན་གནམ་
[5] དཀར་མཛེས་ཁུལ་གྱི་རིམས་ནད་འགོས་
[6] ཟླ་ ༤ ཚེས་ ༢༨ ཉིན་བོད་ནང་ཟི་ལིང་གྲོང་ཁྱེར་གྱི
[7] རྒྱ་ནག་སློབ་གསོ་པུའུ་མི་རིགས་
[8] ཞིན་ལང་(新浪Sina.com)སོགས་བརྒྱུ
[9] ཞིན་ལང་(新浪Sina.com)སོགས་བརྒྱུ
[10] ཕིན་པེ་གསར་འགྱུར། (澎湃新闻)ཟླ་ ༢ ཚེས་ ༢ ཉིན་གནས་ཚུལ་འདི་སྤེལ།
[11] ཟླ་ ༤ ཚེས་ ༡༦ ཉིན་གྱི་རྒྱ་ནག་དབུས་རྙན་འཕྲིན་