ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལམ་སྟོན་འོག་བཞུགས་སྒར་རྡ་ས་ཁུལ་གྱི་བོད་མིའི་ཚོགས་པ་ཁག་གིས་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། ཀངྒ་ར་རྫོང་གི་རྫོང་དཔོན་མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ཐེབས་རྩར་གདུང་སེམས་མཉམ་སྐྱེའི་ཞལ་འདེབས་ཕུལ་འདུག
དེ་ཡང་རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་གཉན་རིམས་འདི་བཞིན་ད་ཆ་འཛམ་གླིང་གང་སར་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་མ་ཟད། ནད་ཡམས་དེ་རྒྱ་གར་ནང་དུའང་སླེབས་ཡོད་སྟབས། ཧི་མཱ་ཅལ་མངའ་སྡེ་གཞུང་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་བཞིན་པར། རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ནས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇེ་ཡཱི་རཱམ་ཐཱ་ཀུར་ Sri Jai Ram Thakur མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གསུམ་དང་། ཀངྒ་ར་རྫོང་གི་རྫོང་དཔོན་སྐུ་ཞབས་ར་ཀེཤ་ཀུ་མཱར་པྲ་ཇཱ་པ་ཏི་ Shri Rakesh Kumar Prajapati མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གཉིས་ཞལ་འདེབས་ཕུལ་ཡོད་པ་དང་།
དེ་བཞིན་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་ཀངྒ་ར་རྫོང་གི་རྫོང་དཔོན་མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ཐེབས་རྩར་ཧིན་སྒོར་ཆིག་འབུམ་ཐམ་པ་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ཀངྒ་ར་རྫོང་གི་རྫོང་དཔོན་མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ཐེབས་རྩར་ཧིན་སྒོར་ཆིག་འབུམ་ཆིག་ཁྲི། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཀངྒ་ར་རྫོང་གི་རྫོང་དཔོན་མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ཐེབས་རྩར་ཧིན་སྒོར་ཆིག་འབུམ་ཐམ་པ། སྨན་པ་སྐལ་བཟང་དོན་ལྡན་ལགས་ཀྱིས་ཀངྒ་ར་རྫོང་གི་རྫོང་དཔོན་མཆོག་གི་ཏོག་དབྱིབས་གཉན་རིམས་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་དྲུག་བཅས་གདུང་སེམས་མཉམ་སྐྱེའི་ཞལ་འདེབས་ཕུལ་ཡོད་པ་བཅས།།