ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་དགོན་སྡེ་ཁག་གིས་རྒྱ་གར་དབུས་སའི་ངལ་སེལ་ལས་གཞིར་རྒྱབ་སྐྱོར་གནང་བཞིན་ཡོད་འདུག དེ་ཡང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གིས་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན།
འཛམ་གླིང་སྤྱི་དང་ཡང་སྒོས་རྒྱ་གར་ནང་ཏོག་དབྱིབས་རིམས་ནད་ཁྱབ་འཕེལ་འགྲོ་བཞིན་པར་སྲིད་བློན་སྐུ་ཞབས་ན་རེནྡྲ་མོ་དི་མཆོག་དང་མངའ་སྡེ་ཁག་གི་བློན་ཆེན་རྣམས་ཀྱིས་དབུ་ཁྲིད་འོག་ནད་ཡམས་སྔོན་འགོག་ལ་ཆེས་ཆེར་འབད་བཞིན་པར་སྐུ་ཞབས་རྫོང་དཔོན་མཆོག་ནས་ཀྱང་འཕྱར་གྲུ་མཉམ་འདེགས་གནང་མུས་ལ་ཐུགས་རྗེ་ཞུ་བ་དང་། ལྷག་པར་ཀང་ར་རྫོང་འདི་གུས་ཅག་རྣམས་ལོ་མང་རིང་གནས་གཞིར་སོང་ཕ་ཡུལ་གཉིས་པ་ལྟ་བུར་གྱུར་པས། གང་གིས་དབུ་ཁྲིད་པའི་ཡུལ་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ནད་ཡམས་སྔོན་འགོག་གི་ལས་གཞིའི་ནང་ཞལ་འདེབས་ཧིན་སྒོར་འབུམ་གསུམ་ཐམ་པ་ ༣༠༠༠༠༠ འབུལ་ལམ་ཞུས་པ་དང་། ཡངས་པའི་འཛམ་གླིང་ཁྱོན་དང་ཁྱད་པར་རྒྱ་གར་འཕགས་པའི་ཡུལ་འདིའི་ནད་ཡམས་ཀྱི་འཇིགས་པ་མྱུར་དུ་ཞི་ནས་སྔར་ལམ་བཞིན་ཞི་བདེའི་དཔལ་ལ་རོལ་ཐུབ་པའི་སྨོན་ལམ་བཅས། ཞེས་འཁོད།
གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་སྨན་པ་ཟུར་པ་རྒྱ་གར་གཞུང་གི་པདྨ་ཤྲཱི་གཟེངས་རྟགས་བཞེས་མྱོང་མཁན་ཡེ་ཤེས་དོན་ལྡན་དམ་པ་མཆོག་གི་ལས་ཁུངས་ཀྱི་མཚན་ཐོག་ནས་རྒྱ་གར་གྱི་སྲིད་བློན་མཆོག་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་བཞི་དང་། ཀངྒར་རྫོང་ངལ་སེལ་ལས་གཞིར་ཧིན་སྒོར་འབུམ་གཉིས། མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གི་ངལ་སེལ་ལས་གཞིར་ཧིན་སྒོར་འབུམ་གཅིག་ཞལ་འདེབས་སུ་ཕུལ་འདུག
ཕྱོགས་མཚུངས་བཞུགས་སྒར་རྡ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་གིས་རྒྱ་གར་གྱི་སྲིད་བློན་མཆོག་གིམཚན་ཐོག་དང་ཀངྒར་རྫོང་ངལ་སེལ་ལས་གཞི། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་བཅས་ལ་འབུམ་རེ་ཞལ་འདེབས་སུ་ཕུལ་འདུག
གཞན་ཡང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་རྒྱ་གར་གྱི་སྲིད་བློན་མཆོག་གི་མཚན་ཐོག་དང་ཀངྒར་རྫོང་ངལ་སེལ་ལས་གཞི། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་ལ་འབུམ་རེ་རེ་ཕུལ་འདུག
ཕྱོགས་མཚུངས་གནས་ཆུང་གྲྭ་ཚང་གིས་རྒྱ་གར་གྱི་སྲིད་བློན་མཆོག་གི་མཚན་ཐོག་དང་། ཀངྒར་རྫོང་ངལ་སེལ་ལས་གཞི། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་བཅས་ལ་འབུམ་རེ་རེ་ཕུལ་འདུག་པ་བཅས། །