ཕྱི་ལོ་ ༢༠༢༠ ཟླ་ ༤་ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་སྡེ་རྭ་ལྡུན་ཁྱབ་ཁོངས་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ཝུ་ཧན་གྲོང་ཁྱོར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་འཛམ་གླིང་གང་སར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་ལྟར་རྒྱ་གར་ནང་དུའང་དཀའ་ངལ་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་སྐབས་འདིར། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་སྡེ་རྭ་ལྡུན་ཁྱབ་ཁོངས་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྣེ་ཁྲིད་འོག ཁུལ་དེའི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག སྒྲིག་འཛུགས་ཁག མང་ཚོགས་བཅས་ནས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་བློས་བཅད་ཞལ་འདེབས་ཧིན་སྒོར་ ༧༦༢༢༧༥ ཐམ་པ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ངལ་སེལ་ལས་གཞིར་ཕུལ་ཡོད་པ་དང་། སྐབས་དེར་ས་གནས་འགོ་འཛིན་གཙོས་པའི་ཁ་ཐོར་ས་གནས་གསུམ་གྱི་སྐུ་ཚབ་ལྷན་བཅར་ཡོད་པ་དང་། ཡང་སྒོས་ཡུལ་མི་ཉམ་ཐག་ཚོར་སྐམ་ཟས་རིགས་སྦྱིན་པ་གཏོང་མུས་ཡིན་པ་བཅས། །