ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༥ ནས་བཟུང་ཉིན་གྲངས་ ༢༡ རིང་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱ་བཏང་རྐྱེན་མི་མང་ས་ཡ་མང་པོར་དཀའ་ངལ་འཕྲད་བཞིན་པ་མ་ཟད། ལྷག་པར་ཉིན་གླར་བརྟེན་ནས་འཚོ་བཞིན་པའི་ཡུལ་མི་ས་ཡ་མང་པོར་ལས་ཀའི་གོ་སྐབས་ཤོར་བ་སོགས་ལ་བརྟེན་ནས་འཚོ་བར་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་ཛ་དྲག་ཆེ་བའི་གནས་སྟངས་ལ་གདོང་ལེན་ཆེད་རྒྱ་གར་དབུས་ས་གཉིས་ཙམ་མ་ཟད། རྫོང་དང་གྲོང་སྡེ་ལས་ཁུངས་སོགས་ནས་ཀྱང་ངལ་སེལ་རོགས་སྐྱོར་ལས་གཞི་ཚ་ཚ་འུར་འུར་ངང་སྤེལ་བཞིན་པར་རྒྱ་གར་ཙམ་མ་ཟད། ཕྱི་རྒྱལ་གནས་སྡོད་བཙན་བྱོལ་བོད་མི་སྤྱི་སྒེར་གཉིས་ནས་རང་ནུས་གང་ཡོད་ཞལ་འདེབས་འབུལ་རྒྱུས་མཚོན་རོགས་རམ་ཞུ་དགོས་པ་བཀའ་ཤག་གིས་འབོད་སྐུལ་གནང་འདུག
རྒྱ་གར་ནང་མཚོན་ན་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཆུང་ཁག་གི་ས་གནས་འགོ་འཛིན་ལས་ཁུངས་ནས་ས་གནས་རྫོང་ལས་ཁུངས་ཀྱི་ངལ་སེལ་ཐེབས་རྩར་ཞལ་འདེབས་གང་ཐུབ་འབུལ་བཞིན་པ་ནི་དཔེར་ན། ཤེ་ལོང་ས་གནས་འགོ་འཛིན་ལས་ཁུངས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ངལ་སེལ་ཐེབས་རྩར་ཧིན་སྒོར་ ༣༠༠༠༠ ཕུལ་བ་དང་། སྦིར་དང་ཅོན་ཏ་ར། ལི་ལི་བཅས་ནས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ངལ་སེལ་ཐེབས་རྩར་ཞལ་འདེབས་ཧིན་སྒོར་ ༤༢༢༠༡༠ ཕུལ་འདུག
ཕྱོགས་མཚུངས་བོད་ཀྱི་ཆོས་བརྒྱུད་ཁག་ལ་མཚོན་ནའང་ཞལ་འདེབས་རྒྱ་ཆེ་གནང་མུས་རེད་འདུག དེ་ཡང་དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། གདུང་སྲས་གཞོན་པ་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག སྒྲོལ་མ་ཕོ་བྲང་། ངོར་ཨེ་ཝམ་ཆོས་ལྡན། ས་སྐྱ་མཐོ་སློབ། ས་སྐྱ་སྨོན་ལམ་ཚོགས་པ། ས་སྐྱ་བཙུན་དགོན། ས་སྐྱ་ཆོས་སྒར་བཅས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ངལ་སེལ་ཐེབས་རྩར་ཁྱོན་ཧིན་སྒོར་འབུམ་ ༢༣ ཕུལ་འདུག
སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་དབུས་ཁྲིད་པའི་ཌོ་ལན་ཇིར་རྟེན་གཞི་བྱས་པའི་དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་པས་རྒྱ་གར་གྱི་སྲིད་བློན་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་ངལ་སེལ་ཐེབས་རྩར་རོགས་དངུལ་ཧིན་སྒོར་འབུམ་ ༥ ཞལ་འདེབས་དང་། ཉེ་འཁོར་རྒྱ་གར་ཁྱིམ་མཚེས་ཁྱིམ་གྲངས་བརྒྱད་ཅུ་ལྷག་ལ་གྲོ་ཕྱེ་དང་འབྲས། སྣུམ། ཚྭ། ཞོག་ཁོག་སོགས་བགྲོ་འགྲེམས་གནང་།
རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༡༠ ཕུལ་བ་དང་། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པས་དབུ་སའི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཧིན་སྒོར་ཉིས་འབུམ་ལྔ་ཁྲི་ཕུལ་བ་མ་ཟད། ས་གནས་ཡུལ་མིའི་ཁྱིམ་ཚང་གྲངས་ ༡༨༢ ལ་ཟླ་བ་གཅིག་རིང་བཟའ་འབྲུ་དང་རིན་མེད་ཁ་རས་བགོ་འགྲེམས་གནང་འདུག
གཞན་ཡང་འབྲི་གུང་བཀའ་བརྒྱུད་
དེ་ཡང་བོད་མི་བཙན་བྱོལ་བ་སྤྱི་སྒེར་གཉིས་ནས་ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་རང་ནུས་གང་ཡོད་ཐོག་ངལ་སེལ་ལས་གཞིར་རྒྱབ་སྐྱོར་གནང་བར་རྒྱ་གར་གསར་འགྱུར་ལས་ཁང་ཁག་ Live Times TV, Star of Mysore, HP 24 སོགས་ནང་དྲིལ་བསྒྲགས་གནང་བ་བརྒྱུད་དོ་སྣང་དང་བསྔགས་བརྗོད་རྒྱ་ཆེ་གནང་འདུག །