ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་གསུང་དོན། རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་ཁྱབ་པའི་ཏོག་དབྱིབས་གཉན་རིམས་དེ་བཞིན་ད་ཆ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་སྟེ་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས། རེས་གཟའ་ཕུར་བུ་ནམ་ཡིན་ལ་མང་ཚོགས་ལ་གོ་རྟོགས་སྤེལ་བཞིན་ཡོད་པ་རེད། དེ་རིང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གི་དྲ་རྒྱའི་བརྒྱུད་ནས་སློབ་ཁྲིད་གནང་རྒྱུ་སྐོར་གསུང་གི་རེད།
ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༠ ཉིན་ཁྲིམས་ཞིབ་པ་ཟུར་པ་གྲོང་རེ་ཚང་བློ་བཟང་མཁས་གྲུབ་མཆོག་འདས་གྲོངས་སུ་གྱུར་འདུག ཁོང་འདས་གྲོངས་སུ་གྱུར་བ་དེ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བ་གང་ཡང་མེད། དམ་པ་ཁོང་ནི། ཕྱི་ལོ་ ༡༩༣༩ ལོར་ཁམས་བྲག་གཡབ་བུ་དགོན་གྲོང་རེ་ཚང་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་སུ་འབྲངས་ཏེ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༦༣ ལོར་སྲི་ཞུ་བའི་ཁོངས་ཞུགས་ཏེ་མི་ལོ་ ༤༠ ལྷག་ཞབས་ཞུ་བསྒྲུབས་ཡོད། དུས་རྟག་ཏུ་བོད་མིའི་སྒྲིག་འཛུགས་དང་མི་མང་ལ་བརྩེ་བ་ཡོད་པའི་ཐོག་ནས་འགན་ཁུར་བཞེས་ཏེ་ས་གནས་འགོ་འཛིན་དང་། ཚོགས་དྲུང་། ཆོས་རིག་དྲུང་ཆེ་བཅས་གནང་ཡོད། ཕྱི་ལོ་ ༢༠༠༠ ལོར་བགྲེས་ཡོལ་དུ་ཕེབས་འདུག་ཀྱང་ཁྲིམས་ཞིབ་པ་གཞན་དུ་བསྐོ་གཞག་སྩལ་བར་བརྟེན། ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༡ ནས་ལས་ཁུར་དམ་འབུལ་བཞེས་ནས་ལོ་གསུམ་རིང་ལྷག་བློ་ཆེ་བསྐྱེད་ཀྱིས་ཞབས་ཞུ་བསྒྲུབས་ནས་མཐར་ཕྱི་ལོ་ ༢༠༠༥ ཟླ་ ༧ ཚེས་ ༡ ཉིན་རྒས་ཡོལ་དུ་ཕེབས་འདུག མི་ཚེ་ཧྲིལ་པོ་བོད་ཀྱི་བསྟན་པ་དང་རྩ་དོན་སླད་ཞབས་འདེགས་ཞུས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཐའ་གཅིག་ཏུ་དད་གུས་ཡོད་མཁན་གྱི་མི་སྣ་བྱས་རྗེས་ཅན་ཞིག་འདས་གྲོངས་སུ་གྱུར་བར་བློ་ཕམ་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་དང་མི་མང་བཅས་ནས་སྨོན་ལམ་རྒྱག་རོགས་ཞུ་རྒྱུ་ཡིན།
དེང་སྐབས་ནམ་རྒྱུན་ལྟར་འདུ་འཛོམས་བྱེད་ཆོག་གི་མེད་སྟབས། དྲ་རྒྱའི་བརྒྱུད་ནས་མཆོད་འབུལ་སྨོན་ལམ་གནང་རྒྱུ་ཡོད་ན། བདུན་ཚིགས་དང་བསྟུན་ནས་མཆོད་འབུལ་སྨོན་ལམ་གོ་སྒྲིག་གི་འབད་བརྩོན་ཞུ་རྒྱུ་ཡིན།
བོད་ནང་ཧ་ཅང་དམ་བསྒྲགས་ཆེ་བར་བརྟེན་ཏོག་དབྱིབས་གཉན་རིམས་ཇི་ཙམ་ཁྱབ་ཡོད་མེད་སོགས་གནས་ཚུལ་རྟོགས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། བོད་ནང་ནད་ཡམས་དང་འབྲེལ་བའི་ཐོག་ནས་བོད་མི་འདས་གྲོངས་སུ་གྱུར་བ་བྱུང་ཡོད་ཀྱི་རེད་བསམ་གྱི་འདུག བོད་ནང་གི་བོད་མི་དེ་དག་ཧ་ཅང་དཀའ་ངལ་ཡོད་པ་མ་ཟད། དམ་བསྒྲགས་ཀྱང་ཤུགས་ཆེན་པོ་ཡོད་པ་རེད། ཉེ་ཆར་དམ་བསྒྲགས་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་འདུག བོད་ནང་བོད་མི་འདས་གྲོངས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་གནང་རོགས་ཞེས་ཞུ་རྒྱུ་འབྲེལ་གདུང་སེམས་མཉམ་སྐྱེ་ཡོད་ཅེས་ཞུ་རྒྱུ་ཡིན།
རོབ་ཙམ་ཤེས་རྟོགས་བྱུང་བ་ལྟར་ན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གཙོ་བོར་གྱུར་པའི་བོད་རིགས་ཡོད་པའི་ས་གནས་ཁག་ལ་ཏོག་དབྱིབས་གཉན་རིམས་ནད་མནར་བྱུང་བ་བོད་མི་བརྒྱ་སྐོར་བྱུང་འདུག ནིའུ་ཇར་སིའི་ནང་མི་ལྔ་ཙམ་ལ་གཉན་རིམས་འདི་བྱུང་འདུག བོད་མི་རྣམས་ཀྱང་འཛམ་གླིང་འདིའི་ནང་གནས་ཡོད་སྟབས། གཉན་རིམས་འདི་འགོ་སྲིད་པ་རེད། དེར་བརྟེན་བོད་མི་ཡོངས་ནས་སྔོན་འགོག་སླད་ཐུགས་གཟབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་ཞུ་རྒྱུ་ཡིན།
སྤྱིར་རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣ རྗེས་ཐེམ་སྤང་བཀའ་རྒྱ་ཉུང་དུ་གཏང་བ་ཡིན་ནའང་། བོད་མི་རྣམས་སོ་སོའི་གཞིས་ཆགས་དང་། སློབ་གྲྭ། དགོན་པ། རྒས་གསོ་ཁང་ནང་མང་བ་བཞུགས་དགོས་ཀྱི་འདུག ཡུལ་མི་དང་མཉམ་དུ་ང་ཚོ་ཡང་ཕྱི་ལ་ཇི་ཙམ་མང་བ་འཐོན་པ་ཡིན་ན། ནད་ཡམས་འགོ་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཆེ་བ་ཡོད། གལ་ཏེ་དགོན་པ་ཞིག་གི་དགེ་འདུན་པ་གཅིག་བསྙུང་བ་དང་། དེ་བཞིན་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཞིག་གི་ནང་ཏོག་དབྱིབས་གཉན་རིམས་འཐོན་པ་ཡིན་ན། དེ་དག་སྒོ་བརྒྱག་དགོས་པའི་གནས་སྟངས་ཆགས་པ་ཙམ་མ་ཟད། ཉེ་འཁོར་གྱི་ཡུལ་མི་དང་མཉམ་དུ་འབྲེལ་བ་ལའང་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད། དེར་བརྟེན་ཕྱི་ཟླ་ ༥ ནང་སོ་སོའི་ཁྱིམ་དུ་མུ་མཐུད་བསྡད་རོགས་ཞེས་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན། ཞེས་སོགས་གསུང་བཤད་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གསུང་དོན།
རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སློབ་གྲྭ་ཁག་གནས་སྐབས་རིང་སྒོ་རྒྱག་དགོས་བྱུང་ཡོད། ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲ་ཚིགས་ Bodyig Lobjong གཞི་རིམ་འོག་མའི་འཛིམ་རིམ་དང་པོ་ནས་ལྔ་བ་བར་གྱི་སློབ་ཚན་གསུམ་སྟེ་བོད་ཡིག་དང་། ཨང་རྩིས། ཚན་རིག་བཅས་སློབ་ཁྲིད་བརྙན་ཐུང་དྲ་ཚིགས་འདིའི་ཐོག་གཟིགས་ཐུབ་ཀྱི་ཡོད་པ་མ་ཟད། བྱིས་སྒྲུང་ལྟ་ཀློག་དང་ཕབ་ལེན་གནང་ཐུབ་ཀྱི་ཡོད། ཕྱི་ཟླ་ ༣ དང་ ༤ ནང་ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས་འདི་གཟིགས་མཁན་མང་དུ་ཕྱིན་འདུག སློབ་ཕྲུག་དང་ཕ་མ་རྣམ་པ་ཚོས་དྲ་ཚིགས་འདི་མུ་མཐུད་བེད་སྤྱོད་གཏང་རོགས་གནང་། འཛིན་རིམ་དྲུག་པ་དང་། བདུན་པ། བརྒྱད་པའི་བོད་ཡིག་དང་། ཨང་རྩིས། ཚན་རིག་བཅས་དྲ་ཐོག་བརྒྱུད་སློབ་ཁྲིད་གནང་རྒྱུའི་མཐུན་རྐྱེན་ཞུས་ཡོད།
འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་མ་ཚོའི་ཆེད་དུ་སློབ་ཁྲིད་མཐུན་རྐྱེན་ཞུ་རྒྱུ་ཡིན། འཛིམ་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་ཚོས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་གཏོང་དགོས་ཀྱི་ཡོད་སྟབས། དྲ་ཐོག་བརྒྱུད་སློབ་ཚན་ཁྲིད་རྒྱུའི་མཐུན་རྐྱེན་རིམ་པས་ཞུ་རྒྱུ་ཡིན། གཞི་རིམ་གོང་མའི་སློབ་མ་ཚོས་སོ་སོའི་ངོས་ནས་རང་སྦྱོང་དང་ཐབས་ཤེས་གནང་དགོས། ཕ་མ་ཚོས་ཀྱང་མཐུན་འགྱུར་གནང་རོགས། གཞི་རིམ་གོང་མའི་སློབ་མ་ཚོས་རྒྱ་གར་ཤེས་རིག་ལྷན་ཁང་གི་ CBSE དང་ NCERT སོགས་ཀྱི་དྲ་ཚིགས་ལ་གཟིགས་རོགས་གནང་། ཞེས་དང་།
གཞན་ཡང་ཤེས་རིག་བཀའ་བློན་མཆོག་གིས་ད་ལྟ་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་སུ་འདྲ་ཞིག་རང་ཁྱིམ་དུ་ཕྱིར་ལོག་མ་ཐུབ་པར་རྒྱ་གར་གྱི་གྲོང་ཁྱེར་སོགས་ནང་ཐེམ་སྤང་བཀའ་རྒྱ་སྲུང་བརྩི་ཞུ་མུས་ཐོག་འཚོ་རྟེན་སོགས་ལ་དཀའ་ངལ་འཕྲད་བཞིན་མཆིས་ཚེ། ཤེས་རིག་ལས་ཁུངས་ནས་སློབ་མ་གྲངས་ ༢༠༠ ལ་ཧིན་སྒོར་ ༥༠༠༠ གནང་རྒྱུ་ཡིན་པ་དང་། འབྲེལ་གཏུག་གནང་ཡུལ་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་ཀྱི་ཞལ་པར་ཨང་གྲངས་ ༩༨༨༢༣༢༢༧༩༧ དང་། བསྟན་འཛིན་བསམ་གྲུབ་ལགས་ཁ་པར་ཨང་ ༧༠༡༨༡༡༡༩༨༣ ལ་འབྲེལ་བ་ཞུ་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །