ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཨིན་ཡུལ་གྱི་སྲིད་བློན་བྷོ་རི་སི་འཇོན་སན་ Boris Johnson མཆོག་ཏོག་དབྱིབས་གཉན་རིམས་འགོས་ཏེ་ད་ལྟ་སྨན་ཁང་ནང་བཞུགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་བློན་མཆོག་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། སྐུ་ཉིད་མཆོག་སྨན་ཁང་དུ་ཡོད་པ་གོ་ཐོས་བྱུང་བའི་སེམས་པ་སྐྱོ་བྱུང་། ཡིན་ཡང་སྲིད་བློན་མཆོག་གིས་སྨན་བཅོས་གང་ལེགས་གནང་གི་ཡོད་པ་གོ་ཐོབ་བྱུང་བས་དགའ་པོ་བྱུང་། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྲིད་བློན་མཆོག་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་གཉན་འཕྲང་ཅན་གྱི་སྐབས་འདིར་མི་སྒེར་དང་རྒྱལ་ཁབ་ཚང་མ་མཉམ་རུབ་ཐོག་ནད་ཡམས་ཞི་བར་འབད་བརྩོན་བྱེད་དགོས། ཨིན་ཡུལ་ནང་ནད་ཡམས་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཤུལ་ལུས་ནང་མི་ཚོར་སྙིང་དབུས་ནས་སེམས་གསོ་ཞུ་རྒྱུ་དང་། དེ་བཞིན་ཨིན་ཡུལ་གྱི་སྨན་པ་དང་། སྨན་ཞབས་པ་སོགས་ནས་རང་ལས་གཞན་གཅེས་འཛིན་གྱིས་ནད་པར་ལྟ་རྟོག་བྱེད་བཞིན་པ་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་ཁོང་རྣམ་པའི་བདེ་འཇགས་ཀྱི་ཆེད་སྨོན་ལམ་འདེབས་བཞིན་ཡོད། མཐའ་དོན་སྲིད་བློན་མཆོག་མགྱོགས་མྱུར་དྲག་སྐྱེད་ཡོང་བ་དང་། ཏོག་དབྱིབས་གཉན་རིམས་ཞི་བར་སྲིད་བློན་མཆོག་གིས་མུ་མཐུད་ལས་འགུལ་སྤེལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།།