ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱི་བཀའ་ཁྱབ་བཞིན་ཐེ་ཝན་དོན་ཁང་ནས་ཐེ་ཝན་གཞུང་དང་། གྲོས་ཚོགས། ཕྱི་རྒྱལ་གཞུང་ཚབ་ཁག་ལ་བོད་དོན་ཞུ་གཏུག་གི་ལས་འཆར་འགོ་འཛུགས་གནང་ཡོད།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ ལ་ཕེབས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་བརྟག་པ་བགྱིད་པའི་གསལ་བསྒྲགས་བསྐྱངས་པའི་ཉིན་གསུམ་གྱི་རྗེས་ཏེ་ཟླ་ ༥ ཚེས་ ༡༧ ནས་བཟུང་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མི་བཅས་བཙན་འཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༥ འཁོར་བའི་དུས་མཚམས་ལ་འཛམ་གླིང་ཁྱོན་ཡོངས་སུ་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ་ལྟར། ཐེ་ཝན་དོན་ཁང་ནས་ཐེ་ཝན་ཕྱི་སྲིད་བློན་ཆེན་དང་།
དེ་བཞིན་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲངས་ ༣༩ དང་། ཐེ་པེ་གྲོང་ཁྱེར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་གྲངས་ ༩ བཅས་ལ་ཕྱི་འབྲེལ་ལས་ཁུངས་ནས་ཕྱོགས་སྒྲིག་གནང་བའི་འབྲེལ་ཡོད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་ཤོག་གྲངས་ ༡༠༤ ཅན་དང་། བོད་ནང་གི་འགྲོ་བ་མིའི་གནས་སྟངས་སྐོར་ཤོག་གྲངས་ ༦༣ ཅན་གྱི་ཐོག་ཐེ་ཝན་དོན་ཁང་གི་རྒྱ་ཡིག་འགྲེལ་བཤད་འབོད་སྐུལ་དང་། གཞན་ཡང་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་གྲོས་ཚོགས་སྐབས་བོད་ཀྱི་རྒྱལ་དར་རང་རང་གི་མདུན་ལྕོགས་ཐོག་བཞག་ཡོད་པའི་པར་ཞིག་གོང་གསལ་ཡིག་ཆའི་ནང་གསལ་བ་ལྟར་དཔེ་སྟོན་མཚོན་ཆེད་དུ་བོད་ཀྱི་རྒྱལ་དར་ཆུང་ཆུང་རེ་བཅས་ཁུངས་སོ་སོར་ཕུལ་བ་དང་། དེ་བཞིན་ཐེ་ཝན་ནང་ཡོད་པའི་ཕྱི་རྒྱལ་གཞུང་ལས་ཁང་གྲངས་ ༥༣ ལ་གོང་གསལ་ཡིག་ཆ་ཁག་གློག་འཕྲིན་བརྒྱུད་བཏང་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་བཅས་གང་མགྱོགས་གློད་འགྲོལ་ཡོང་བ་དང་། བྱ་བྲལ་རིན་པོ་ཆེའི་གནས་སྟངས་སྐོར་གསལ་ཁ་དགོས་པ་སོགས་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས།།