ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཡབ་ཡུམ་རྣམ་པ་བཙན་ཁྲིད་གསང་ཉར་བྱས་རྐྱེན་ད་བར་སུ་གང་གིས་ཤེས་རྟོགས་ཐུབ་མེད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་དགུང་གྲངས་སུམ་ཅུ་སོ་གཅིག་ལ་ཕེབས་ཀྱི་ཡོད་པ་དང་བསྟུན།
འདས་པའི་ལོ་ངོ་ ༢༥ རིང་རིན་པོ་ཆེ་མཆོག་གིས་དབུས་ཡབ་ཡུམ་རྣམ་པ་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་སྣེ་ཁྲིད་འོག་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གིས་རིན་པོ་ཆེ་མཆོག་གི་སྐོར་དངོས་དོན་ཉེར་ལྔ་ཅན་གྱི་ཡིག་ཆ་ཉི་ཧོང་སྐད་དུ་བསྒྱུར་ཏེ་སྟོང་ཕྲག་མང་པོ་འགྲེམས་སྤེལ་གནང་བ་མ་ཟད། རྒྱལ་སྤྱིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་ཞུ་ཡིག་ཕུལ་བ་སོགས་ཟླ་གྲངས་གཅིག་རིང་ཞུ་གཏུག་གི་ལས་འགུལ་སྤེལ་འགོ་བཙུགས་ཡོད། ཉི་ཧོང་གི་མང་ཚོགས་ལ་དམིགས་ཏེ་ཞུ་གཏུག་གི་ཡིག་ཆ་རྣམས་སྤྱི་ཚོགས་དྲ་རྒྱ་ངོ་དེབ་དང་ཊི་ཝི་ཊར་སྟེང་འགྲེམས་སྤེལ་གནང་ཡོད།
དེ་བཞིན་ཉི་ཧོང་དོན་གཅོད་ཁང་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༩༣ དང་། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་མིའི་ཆོས་དང་རིག་གཞུང་ལྟེ་གནས་ཁང་། མཐོ་སློབ། སློབ་གྲྭ བོད་མི་སོགས་ལ་ཞུ་ཡིག་འགྲེམས་སྤེལ་གྱི་ལས་འགུལ་སྤེལ་ཡོད། ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་ཉི་ཧོང་གི་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་ཡིག་ཕུལ་ཏེ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་རྣམ་པ་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས།།