༢༠༢༠ ཟླ་ ༤ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovernམཆོག་གིས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་བཙན་འོག་ནས་གློད་བཀྲོལ་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག དེ་ཡང་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག་ནི་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་Tom Lantos Human Rights Commission གི་ཚོགས་གཞོན་ཡིན་འདུག
དེ་ཡང་ཁོང་གིས་གསུང་དོན། ངས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་སྐྱེས་འབུལ་རྒྱུ་གང་ཡོད་ཞུ་ན། རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པར་ཁོང་དང་ཁོང་གི་ནང་མི་མགྱོགས་མྱུར་གློད་བཀྲོལ་གནང་རོགས་ཞེས་སླར་ཡང་ནན་བརྗོད་ཞུ་རྒྱུ་དེ་ཡིན། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཧ་ཅང་བྱས་དང་བྱེད་བཞིན་པ་དེ་དག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་ཞིང་། ལྷག་པར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག དེ་བཞིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལྟ་བུའི་འཇམ་པོའི་སྟོབས་ཤུགས་ལ་འཇིགས་སྣང་ཆེན་པོ་བྱེད་ཀྱི་ཡོད་སྟབས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་བྱེད་དགོས་པ་ཆགས་ཡོད། རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་ལ་བཟང་སྤྱོད་ཀྱི་འགན་འཁྱེར་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་བཅས་པར་བདེ་ཐང་ཡིན་པ་གསལ་བཤད་བྱེད་དགོས།
ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མི་ཚེ་ཧྲིལ་པོ་གཞན་གྱི་བཙན་འོག་ཏུ་ཚུད་ནས་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་རྩ་བ་ནས་མེད་པར་གྱུར་ཡོད། རྒྱལ་ཁབ་སུ་ཅིག་ལ་དེ་ལྟ་བུའི་མི་སྒེར་གྱི་རང་དབང་ཐོག་དམ་བསྒྲགས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད། ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་སྤྱི་དང་ལྷག་པར་ནད་ཡམས་དེ་འགོ་ཉེན་ཆེ་བའི་ཆབ་སྲིད་བཙོན་པ་ཁག་མགྱོགས་མྱུར་གློད་བཀྲོལ་གནང་རོགས། ནད་ཡམས་དེ་ནི་རྒྱ་ནག་ནས་མཆེད་ཅིང་ད་ཆ་འཛམ་གླིང་ཁྱོན་དུ་མི་གྲངས་འབུམ་ལྷག་འདས་གྲོངས་ཕྱིན་པ་མཟད། དེ་ལས་ཆེས་མང་བར་ནད་ཡམས་དེས་མནར་བཞིན་ཡོད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མཚོན་ནའང་ད་ལྟ་བཀག་བསྐྱིལ་འོག་བཞུགས་ཡོད་སྟབས་ཏོག་དབྱིབས་གཉན་རིམས་འགོ་རྒྱུའི་ཉེན་ཚབས་ཆེན་པོ་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མི་བཅས་མགྱོགས་མྱུར་གློད་བཀྲོལ་གཏོང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་རེ་འདུན་ཤུགས་ཆེ་བཏོན་འདུག །