ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༦ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༡ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སུམ་ཅུ་སོ་གཉིས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གི་བཙན་འོག་ནས་ཆ་རྐྱེན་གང་ཡང་མེད་པར་མགྱོགས་མྱུར་གློད་བཀྲོལ་དགོས་པ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཕྱི་སྲིད་ལྷན་ཁང་ལ་ཞུ་ཡིག་ཅིག་ཕུལ་འདུག
དེ་ཡང་ཞུ་སྙན་དེའི་ནང་དུ་འཐུས་མི་ཁོང་རྣམ་པས་ཕྱི་སྲིད་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་ཇོ་སེབ་བྷོ་རེལ་ Mr Josep Borrel མཆོག་ལ་ཞུ་དོན། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་དང་། ལྷག་པར་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ནས་ད་བར་རྒྱ་ནག་གཞུང་གི་བཙན་འོག་ནས་གར་སོང་ཆ་མེད་དུ་གྱུར་བར་བརྟེན། རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་ར་སྤྲོད་ཐུབ་པ་ཞིག་ཡིན་སྐོར་གསུངས། ཡུ་རོབ་གྲོས་ཚོགས་འཐུས་མི་སུམ་ཅུ་སོ་གཉིས་ཀྱི་ལས་འགུལ་དེའི་སྣེ་འཁྲིད་མཁན་སྐུ་ཞབས་མི་ཀུ་ལ་སི་པེཀ་ས་ Mikulas Peksa མཆོག་ཡིན་ཅིང་། ཁོང་ནི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རེད།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་འོག་གར་སོང་ས་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བཞིན་པའི་དུས་སྐབས་འདིར་སྦར་སེལ་སྐུ་ཚབ་དོན་གཅོད་ཁང་གིས་ཡུལ་དུས་གནས་སྐབས་ལ་གཞིགས་པའི་དྲ་ལམ་བརྒྱུད་ནས་དྲིལ་བསྒྲགས་ལས་འགུལ་རྒྱ་ཆེ་སྤེལ་མུས་ཡིན་འདུག་པ་དང་། ལྷག་པར་དེང་སྐབས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱུང་རྐྱེན་ཐེམ་སྤང་བཀའ་རྒྱ་བསྡམས་ཡོད། དེར་བརྟེན་མི་ཕན་ཚུན་དངོས་སུ་ཐུག་འཕྲད་བྱེད་ཐབས་བྲལ་ཡང་དྲ་ལམ་སོགས་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༡ བཞེས་པའི་འཁྲུངས་སྐར་ཉིན་མོར་སྐུ་ཚབ་དོན་ཁང་དང་། བོད་རིགས་སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་དོན་ཐོག་སེམས་ཁུར་ཆེ་བའི་གྲོས་ཚོགས་འཐུས་མི་སོགས་བརྒྱུད་རྒྱལ་སྤྱིའི་སྡིངས་ཆེའི་སྟེང་ནས་ལས་འགུལ་ཚགས་ཚུད་ངང་སྤེལ་མུས་ཡིན་འདུག
དེ་ཡང་ཟླ་བ་འདིའི་ཟླ་མགོར་སྦེལ་ཇམ་གྲོས་ཚོགས་འཐུས་མི་སྐུ་ཞབས་སེ་མུལ་ཀོ་གོ་ལ་ཏི་ Mr Samuel Cogolati མཆོག་ནས་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་གནང་བ་མ་ཟད། ཕྱི་ཟླ་ ༣ ཚེས་ ༨ ཉིན་ཁོང་གིས་སྦེལ་ཇམ་གཞུང་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ་དང་། སྦེལ་ཇམ་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཕི་ལིབ་གོ་ཕིན་ Mr Phillipe Goffin མཆོག་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ཐད་སྦེལ་ཇམ་གཞུང་གི་ལངས་ཕྱོགས་ཁ་གསལ་གཏན་འབེབ་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་ཡོད་པ་བཅས། །