ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༡ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་འབོད་སྐུལ་གྱི་གསལ་བསྒྲགས་སྤེལ་དོན།
དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ ཉིན་མོ་འདི་བཞིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༡ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་འཁེལ་བར་བརྟེན། རྒྱ་ནག་གཞུང་གིས་བཙན་འོག་ཏུ་ལུས་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་བཙན་འོག་ནས་གློད་བཀྲོལ་ཐོབ་ཆེད་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཞུ་གཏུག་གི་ལས་འགུལ་སྤེལ་དགོས།
འདས་པའི་མི་ལོ་ ༢༥ རིང་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་སྟབས་ལོ་ལྟར་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་སྐུ་ངོ་མ་མཇལ་རྒྱུ་མེད་པར་བརྟེན་ཆུང་སྲིད་རིན་པོ་ཆེ་དང་བྱ་བྲལ་རིན་པོ་ཆེ། དེ་བཞིན་པཎ་ཆེན་རིན་པོ་ཆེའི་ནང་མི་རྣམས་ཀྱི་གནས་སྟངས་ཇི་འདྲ་ཞིག་ཡིན་ནམ་སྙམས་པའི་སེམས་ནང་བློ་ཕམ་དང་དངངས་འཚབ་སྐྱེ་བཞིན་དུ་འཁྲུངས་སྐར་སྲུང་བརྩི་ཞུ་དགོས་པའི་གནས་སྟངས་ད་དུང་མུ་མཐུད་ལྷག་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ནི་བོད་མི་ས་ཡ་དྲུག་གི་ཚབ་མཚོན་བཞིན་ཡོད་སྟབས། དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ ཉིན་ཏེ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ བཞེས་པའི་སྐབས་དང་བསྟུན་ཕྱི་རྒྱལ་སྐུ་ཚབ་དོན་ཁང་བརྒྱུད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་སླད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཕྱི་ཟླ་ ༥ ཚེས་ ༡༧ བར་ཞུ་གཏུག་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་རྒྱུ་ཡིན་ཞིང་། དུས་བཀག་རྒྱས་བཅད་དེ་ལྟར་བཟོ་དགོས་དོན་ནི། འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་བ་རེད།
འཛམ་གླིང་ས་ཕྱོགས་གང་སར་སྐུ་ཚབ་དོན་ཁང་བཅུ་གཉིས་ཡོད་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་པ་དང་། གནས་སྟངས་ཇི་འདྲ་ཞིག་འོག་བཞུགས་ཡོད་པ། དེ་བཞིན་ཁོང་གི་ནང་མི་སོགས་ཀྱི་གནས་སྟངས་ཇི་འདྲ་ཡོད་མེད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་ཁུར་ལྡན་པའི་ཐོག་ནས་ངེས་པར་གསལ་བཤད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་དང་། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ང་ཚོས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ བཞེས་པའི་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་དུས་སྐབས་འདིར་ཁོང་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༥ འཁོར་བཞིན་ཡོད་པ་དེ་སེམས་ནང་དྲན་དགོས། རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་འོག་ནས་མགྱོགས་མྱུར་གློད་བཀྲོལ་ཐོབ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཁྱོན་དུ་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུའི་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་རྒྱ་ཁྱབ་ཏུ་ཁྱབ་བརྡལ་འགྲོ་བཞིན་པར་བརྟེན་ང་ཚོས་དངོས་སུ་ལུས་པོ་འགྲོ་ཐབས་བྲལ་ཡང་། དྲ་ལམ་སོགས་བརྒྱུད་ནས་སྐུ་ཚབ་དོན་ཁང་དང་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་སྤྱི་མཐུན་ཚོགས་པ་སོགས་མཉམ་རུབ་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཚན་པར་ཞུ་ཡིག་སོགས་ཕུལ་བ་བརྒྱུད་ཕྱི་ཟླ་ ༤ ཚེས་ ༢༥ ནས་ཕྱི་ཟླ་ ༥ ཚེས་ ༡༧ བར་ཞུ་གཏུག་ལས་འགུལ་མུ་མཐུད་སྤེལ་གཏན་འཁེལ་ཡོད།
རྒྱ་ནག་གཞུང་ནས་ཀྱང་རྒྱལ་སྤྱིའི་རེ་འདུན་ལ་བརྩི་བཀུར་གནང་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ད་ཐེངས་ཞུ་གཏུགས་ལས་འགུལ་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ། གྲོས་ཚོགས་འཐུས་མི་སོགས་འབྲེལ་ཡོད་ཚང་མར་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྡིངས་ཆ་འདྲ་མིན་ཐོག་ཟླ་གྲངས་རིང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙན་འོག་ནས་ཐར་ཐབས་ཆེད་ཞུ་གཏུག་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན། ཞེས་སོགས་འཁོད་འདུག །