ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ངོ་རྒོལ་ཆེད་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༡ འཁོར་བའི་དུས་དྲན་དེ་བཞིན་ཨོ་གླིང་དང་ནིའི་ཛི་ལེན་ཌེའི་རྒྱལ་ས་གཙོས་བོད་མི་འདུས་སྡོད་ས་གནས་ཁག་ཏུ་ཚ་ཚ་འུར་འུར་ངང་སྲུང་བརྩི་ཞུས་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༠ སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཨོ་གླིང་རྒྱལ་ས་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག དེ་ཁུལ་གནས་སྡོད་བོད་མི་ཚོ་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ཆེན་མདུན་དུ་འདུ་འཛོམས་བྱས་ཏེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། གསུམ་བཅུའི་དྲན་གླུ། མི་མང་ལངས་གླུ་བཅས་དབྱངས་སུ་ལེན་པ་མ་ཟད། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་འཕྲད་དར་སྣ་རིགས་རྒྱ་ནག་གཞུང་ཚབ་ཀྱི་སྒོ་ཆེན་མདུན་དུ་བསྒྲེངས་འཛུགས་དང་ཆབས་ཅིག་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་ཞུས་པ་དང་། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་དང་རྒྱལ་ཡོངས་ཚོགས་གཙོ་གཅིག་ལྕོགས་སྐལ་བཟང་ཡོན་ཏན་ལགས་ཀྱིས་ཨིན་ཡིག་ཐོག་དཔལ་ལྡན་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་ཞུས་ཤིང་། ཚོགས་གཞོན་ཟླ་སྒྲོན་ལགས་ཀྱིས་རྒྱ་སྐད་ཐོག་གསུམ་བཅུ་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་བ། རྒྱ་རིགས་གྲོགས་པོ་འབུམ་རམས་པ་ལིའུ་སུང་ཧྥ་ལགས་ཀྱིས་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ་བཅས། མང་ཚོགས་ཀྱི་སྐད་འབོད་གནམ་ས་གས་པ་ལྟར་བརྒྱབ་སྟེ་རྒྱ་ནག་གཞུང་ཚབ་ཁང་ལ་གོ་བརྡ་འཕྲོད་ངེས་ཀྱི་ལས་འགུལ་ཞིག་སྤེལ་ཡོད།
ཨོ་གླིང་མངའ་སྡེ་ཁོན་སི་ལེན་ཌེ་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་བོད་མི་རྣམས་གྲོང་ཁྱེར་སྦིལ་སི་སྦན་དུ་ཕྱི་ཟླ་ ༣ ཚེས་ ༡༠ སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ནས་འདུ་འཛོམས་ཀྱིས། སྦིལ་སི་སྦན་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ས་གནས་དབུ་འཁྲིད་ Sri Jonathan མཆོག་དང་། ལྗང་ཁུ་ཚོགས་པའི་ས་གནས་དབུ་འཁྲིད་དང་སྦིལ་སི་སྦན་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མིའི་འོས་མི་ Trina Massey མཆོག ཝི་དི་ནམ་བོད་དོན་རྒྱབ་སྐྱོར་བ་དང་ཚོགས་པའི་སྐུ་ཚབ་ Vincent Do མཆོག རྒྱ་རིགས་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་བ་ Yujian zhang མཆོག ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛན་ཕུན་ཚོགས་ལགས་བཅས་ཀྱིས་རིམ་བཞིན་གསུང་བཤད་གནང་གྲུབ་མཚམས། གྲོང་ཁྱེར་དཀྱིལ་ནས་བཤགས་ཏེ་སྤྱི་ལེ་བཞི་མ་ཟིན་ཙམ་འབོད་སྒྲ་སྒྲོགས་ཏེ་གོམ་བགྲོད་ཕྱིན་པ་དང་། དགོང་མོ་ཆུ་ཚོད་ ༧།༣༠ ཐོག་མར་མེ་ཁྲོམ་བསྐོར་བྱས་པ་བཅས་ལས་འགུལ་སྤེལ་ཡོད།
སིད་ནི་ཁུལ་གྱི་བོད་མི་རྣམས་སྔ་དྲོ་ཆུ་ཚོད་ ༩ ཙམ་དུ་སིད་ནི་གྲོང་ཁྱེར་དུ་འདུ་འཛོམས་བྱས་ཏེ་འབྲེལ་ཡོད་གདན་ཞུ་སྐུ་མགྲོན་ཚོས་གསུང་བཤད་གནང་གྲུབ་མཚམས། རྒྱ་མིའི་ཡན་ལག་གཞུང་ཚབ་མདུན་བར་དུ་སྐད་འབོད་བརྒྱབ་སྟེ་ཁྲོམ་བསྐོར་བྱས་པ་དང་། དགོང་མོ་གློག་བརྙན་གཟིགས་འབུལ་དང་། མཁས་དབང་གསུང་བཤད། མར་མེ་ཁྲོམ་བསྐོར་སོགས་ཀྱི་ལས་འགུལ་སྤེལ་ཡོད།
ཨོ་གླིང་ནིའུ་སའོ་ཐི་ཝེ་མངའ་ཁོངས་སྦོ་ལོག་མོན་ཁྲེན་ ༼རི་སྔོན་པོ། ༽ དུ་གནས་བཞུགས་བོད་མི་ ༧༠ ཙམ་དང་། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་ ༣༠ ཙམ་བཅས་ཁྱོན་མི་གྲངས་ ༡༠༠ ཙམ་ས་གནས་གཞུང་གི་མདུན་ཐང་དུ་འདུ་འཛོམས་བྱས་ཏེ། ཡུལ་སྲོལ་ལྟར་ས་གནས་དེའི་གདོད་མའི་མི་རིགས་ཀྱི་འཐུས་ཚབ་ནས་དུས་དྲན་འགོ་འཛུགས་ཀྱི་གསུང་བཤད་དང་། བོད་མི་ཚོས་གསུམ་བཅུ་དུས་དྲན་ངོ་སྤྲོད། དེ་ནས་ས་གནས་གཞུང་གི་འཐུས་ཚབ་དང་ས་གནས་གྲོས་ཚོགས་འཐུས་མི་བཅས་རིམ་པ་བཞིན་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ་མ་ཟད། སྙན་ངག་གྱེར་འདོན་དང་། བོད་ལ་འཕྲིན་འབྲིའི་ལས་འགུལ་ཡང་སྤེལ་བ་དང་། དམིགས་བསལ་ས་གནས་གཞུང་གི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་གཟའ་འཁོར་གཅིག་རིང་བསྒྲེངས་འཛུགས་གནང་རྒྱུའི་མཛད་སྒོའང་སྤེལ་ཡོད།
རྒྱལ་ཁབ་ནིའུ་ཛི་ལེན་ཌེའི་གྲོང་ཁྱེར་ཆེ་ཤོས་ཨོ་ཁེ་ལེན་ཌེ་ས་གནས་སུ་བོད་མི་གཅིག་སྔ་དྲོ་ཆུ་ཚོད་བདུན་པ་ཙམ་ནས་རྒྱ་མིའི་གཞུང་ཚབ་ཡན་ལག་མདུན་དུ་བོད་ཀྱི་རྒྱལ་དར་འཁྱེར་ཏེ་ཞི་རྒོལ་གྱི་རྣམ་པ་སྟོན་ཡོད་ཅིང་། ནིའུ་ཛི་ལེན་ཌེ་བོད་ཀྱི་གྲོགས་པོ་ཚོགས་པ་དང་། ཨོ་ཁེ་ལེན་ཌེ་ས་གནས་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་ཕྱི་དྲོ་ཆུ་ཚོད་ ༦ ནས་ ༨།༣༠ ཙམ་བར་གྲོང་ཁྱེར་གྱི་བསྟི་གནས་དང་ཡུལ་བསྐོར་བ་འདུས་གནས་འགྲེམ་སྟོན་ཁང་གི་མདུན་ཐང་དུ། འབྲེལ་ཡོད་རྒྱ་རིགས་གྲོགས་པོ་དང་། ཕྱི་རྒྱལ་གྲོགས་པོ། བོད་མི་བཅས་འདུ་འཛོམས་བྱས་ཏེ། བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཅིང་། རྒྱལ་གླུ་དང་། གསུམ་བཅུའི་དྲན་གླུ། མི་མང་ལངས་གླུ། བདེན་ཚིག་སྨོན་ལམ་བཅས་དབྱངས་སུ་ལེན་པ། འབྲེལ་ཡོད་ཀྱི་གསུང་བཤད་གནང་བ་བཅས་གསུམ་བཅུ་དུས་དྲན་གྱི་ལས་འགུལ་སྤེལ་བར་འགྲུལ་བཞུད་པ་མང་པོས་དོ་སྣང་གནང་ཆེན་པོ་གནང་འདུག
གཞན་ཡང་གསར་དུ་བཙུགས་པའི་ཝ་ཀ་ཝ་ཀ་ས་ཁུལ་གྱི་བོད་དགའ་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བའི་གསུམ་བཅུ་དུས་དྲན་གྱི་ལས་འགུལ་ས་གནས་ཚགས་ཤོག་ཐོག་ཐོན་ཏེ་བོད་དོན་ཁྱབ་བསྒྲགས་ཤུགས་ཆེ་བྱུང་ཡོད་པ་དང་། ས་གནས་གཞན་མེལ་སྦོན་དང་། གནས་མཁར་གསར། ལྷོ་ཨོ་སི་ཀྲོ་ལི་ཡ། ཊ་སི་མ་ནི་ཡ། ནུབ་ར་སོགས་བོད་མི་འདུས་སྡོད་ཡོད་ས་ཚང་མར་ཆེ་ཆུང་ལ་དཔག་པའི་ལས་འགུལ་སྣ་རིགས་སྤེལ་ཡོད་པ་དང་བཅས། །