ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ Tim Loughton མཆོག་གིས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ ཐོག་གསུང་བཤད་གནང་དོན། གྲོགས་པོ་རྣམ་པ། སྤེན་པ་ལགས་ཀྱིས་གོང་དུ་གསུངས་པ་ལྟར་རྣམ་པ་ཚོ་བོད་ནང་གི་བོད་མི་ཚོ་དང་། དེ་བཞིན་འཛམ་གླིང་ནང་ང་དང་འདྲ་བའི་བོད་ཀྱི་གྲོགས་པོ་དང་བོད་དོན་ཆེད་རྒྱབ་སྐྱོར་བྱེད་མཁན་ས་ཡ་མང་པོའི་སྐུ་ཚབ་ཆུང་ཆུང་ཞིག་མཚོན་གྱི་ཡོད། འདས་པའི་ལོ་ངོ་ ༢༣ རིང་ཕྲན་རང་ཉིད་ནས་ཨིན་ཡུལ་གྲོས་ཚོགས་ནང་བོད་དོན་སླད་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན།
ཕྱི་ལོ་ ༡༩༧༠ ལོའི་ནང་རང་ཉིད་སློབ་མ་ཡིན་པའི་སྐབས་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Society དང་ལྷན་ཐེངས་དང་པོ་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་ཆེད་ཞི་བའི་ངོ་རྒོལ་བྱས་པ་ཡིན། དུས་དེ་ནས་བཟུང་ད་བར་ངས་བོད་དོན་སླད་རྒྱབ་སྐྱོར་གྱིས་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད། རྒྱ་ནག་གི་དྲག་གནོན་ལ་བོད་མི་ཚོས་ངོ་རྒོལ་གྱིས་སྒེར་ལངས་བྱས་ནས་ལོ་ངོ་ ༦༡ འཁོར་བཞིན་པ་དང་རྒྱ་ནག་གཞུང་གིས་མུ་མཐུད་བོད་ལ་དབང་སྒྱུར་བྱེད་བཞིན་ཡོད། ང་ཚོས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ སེམས་སྐྱོ་པོའི་སྒོ་ནས་སྲུང་བརྩི་ཞུ་བཞིན་ཡོད།
འདས་པའི་ལོ་ངོ་ ༦༡ ནང་ཞི་བདེ་བག་ཕེབས་ཅན་དང་ཞི་བདེ་ལ་དགའ་མོས་གནང་མཁན་བོད་མི་ས་ཡ་གཅིག་ལྷག་རྒྱ་ནག་གི་དྲག་གནོན་འོག་གཅེས་པའི་ལུས་སྲོག་དང་བཅས་པ་བློས་བཏང་ཡོད། གལ་ཏེ་དེ་རིང་གི་ངོ་རྒོལ་འདི་ལྟ་བུ་ཞིག་བོད་གྱི་རྒྱལ་ས་ལྷ་སར་བྱུང་ཚེ་ངོ་རྒོལ་དེ་ཡུན་རིང་བགོར་མི་སྲིད། རྒྱུ་མཚན་ནི་ང་ཚོ་ཚང་མས་ཤེས་གསལ་ལྟར། རྒྱ་ནག་གཞུང་གིས་སྐྱོན་བརྗོད་ལ་དགའ་པོ་བྱེད་ཀྱི་ཡོད་མ་རེད།
ན་ནིང་ལོར་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་སྤྱི་མོས་ཐོག་ནས་བོད་དུ་རང་དབང་ཐོག་ཕར་འགྲོ་ཚུར་འོང་ཆོག་པའི་ཁྲིམས་འཆར་ Reciprocal Access to Tibet Act ཁྲིམས་སུ་གཏན་འབེབས་གནང་བ་དེ་གཞིར་བཞག་ཐོག་ངས་ཨིན་ཡུལ་གྲོས་ཚོགས་འོག་མའི་ནང་བོད་དུ་རང་དབང་ཐོག་ཕར་འགྲོ་ཚུར་འོང་ཆོག་པའི་ཁྲིམས་འཆར་ངོ་སྤྲོད་བྱས་པ་ཡིན། ཁྲིམས་འཆར་དེ་ནི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་སྐུ་ཚབ་མི་སྣ་དང་གསར་འགྱུར་བརྒྱུད་ལམ་ཚན་པ་ཚོར་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་ཐུབ་ཚོད་དང་གཉའ་གནོན་བྱེད་བཞིན་པ་དེ་ཐེར་འདོན་དང་ཁྱབ་བསྒྲགས་བྱེད་པར་དགོས་མཁོ་ཅན་ཆགས་ཡོད།
བོད་ཀྱི་གནད་དོན་ནི་བོད་མི་ཙམ་མ་ཟད། མང་གཙོ་ལ་དགའ་མོས་གནང་མཁན་ཡོངས་ཀྱི་རྩ་དོན་ཞིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།