ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཕྱི་ལོ་ ༢༠༢༩ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཏོན་པའི་ནང་དུ། རྒྱ་ནག་གིས་དབང་སྒྱུར་བྱས་པའི་ས་ཁུལ་གཞན་ལས་བོད་ནང་དམ་བསྒྲགས་ཆེ་བ་ཡོད་སྐོར་བཀོད་འདུག
སྤྱིར་སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༡༩ ལོར་འཛམ་གླིང་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་འདྲ་བྱུང་མིན་ལ་དཔྱད་པ་ཞིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཟེར་བས་གཙོས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་གཞན་ཁག་གི་ནང་དུ་བོད་མིའི་སྨྲ་བརྗོད་དང་ཆོས་དད་རང་དབང་ལ་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་ཤུགས་ཆེ་བཏང་བ་མ་ཟད། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་སོ་ལྟ་བྱས་ནས་འདུ་འཛོམས་མི་ཆོག་པ་དང་། ས་གནས་གཅིག་ནས་གཞན་དུ་འགྲུལ་བཞུད་སོགས་ལ་དམ་བསྒྲགས་སུན་གཙེར་ཧ་ཅང་བཟོས་པའི་སྐོར་འཁོད་འདུག
ཕྱོགས་མཚུངས་གཞུང་གིས་ལས་སྣེ་མཐོ་གྲས་དང་། དམག་དཔོན་གོ་གནས། དེ་བཞིན་ཉེན་རྟོག་པའི་གོ་གནས་མཐོ་གྲས་རིགས་ལ་བོད་རིགས་ཉུང་ཞིང་རྒྱ་ཧན་མི་རིགས་ཕལ་མོ་ཆེས་གོ་གནས་དེ་དག་འཛིན་བཞིན་ཡོད་པ་གསལ་འདོན་བྱས་འདུག ལྷག་པར་བོད་རང་སྐྱོངས་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་ལ་མཚོན་ན་ད་བར་རྒྱ་མིས་བཟུང་ནས་བསྡད་པ་མ་གཏོགས་བོད་མི་གཅིག་ཀྱང་བོད་རང་སྐྱོངས་ལྗོངས་ཀྱི་དྲུང་ཆེར་བསྐོ་གཞག་བྱེད་མྱོང་མེད་པ་བཀོད་འདུག
རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་རྗེས་བོད་དེ་བཞིན་རང་སྐྱོངས་ཁུལ་དགུ་རུ་དབྱེ་ཡོད། དེའི་ཁོངས་ནས་མཚོ་སྔོན་རང་སྐྱོང་ཁུལ་མ་གཏོགས་གཞན་རང་སྐྱོང་ཁུལ་བརྒྱད་པོའི་དྲུང་ཆེ་རྣམས་རྒྱ་མི་ཤ་སྟག་རེད། བྱེད་བབ་དེ་ནི་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་རེད། གང་ཡིན་བརྗོད་ན་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་འཁོད་པ་ལྟར་ན། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་དྲུང་ཆེ་དང་སྲིད་སྐྱོང་དེ་དག་ས་གནས་དེ་རང་གི་གྲངས་ཉུང་མི་རིགས་ཡིན་པ་ཞིག་བསྐོ་གཞག་བྱེད་དགོས་པ་རེད། རྒྱ་ནག་གཞུང་གིས་དེ་སྔ་བོད་མིའི་ཐོག་དམ་བསྒྲགས་བྱས་པའི་གནས་ཚུལ་གསལ་འདོན་བྱས་པའི་ནང་། དེ་སྔ་ཕྱི་ལོ་ ༢༠༡༨ ཟླ་ ༡ ནང་བོད་མི་བློ་གྲོས་རྒྱ་མཚོ་ཞུ་བ་ཁོང་ཕོ་བྲང་པོ་ཏཱ་ལའི་ཕྱི་རོལ་དུ་འཛིན་བཟུང་བྱས་པ་དང་། ཕྱོགས་མཚུངས་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཐུབ་པ་ལགས་ཕྱི་ལོ་ ༢༠༡༧ ལོ་མཇུག་ཙམ་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ནས་བཟུང་ད་བར་གར་སོང་ཆ་མེད་དུ་གྱུར་ཅིང་། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༩༥ ནས་ད་བར་གར་སོང་ཆ་མེད་དུ་གྱུར་བ་དང་། དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༤ ནང་དཀར་མཛེས་སེར་ཤུལ་ནས་བོད་མི་དབང་ཆེན་ལགས་དང་ཡོན་ཏན་ལགས། དེ་བཞིན་བློ་བཟང་ལགས་བཅས་ཀྱིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀོྲལ་ཡོང་སླད་སྨོན་ལམ་གསོལ་འདེབས་བྱས་པ་ཙམ་ལ་བསྙད་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ནང་ཀིརྟི་དགོན་པའི་གྲྭ་ཐབས་མཁས་ལགས་དང་བློ་བཟང་རྡོ་རྗེ་ལགས་རྣམ་གཉིས་ཀྱང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་འོག་ད་བར་ཤེས་རྟོགས་མེད་པར་གྱུར་སྐོར་བཀོད་འདུག
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་དྲང་བདེན་གྱི་ཁྲིམས་ཐག་མ་བཅད་པར་སྐྱོན་བརྗོད་བྱས་པ་མ་ཟད། གཞན་ཡང་བོད་མི་ཡེ་ཤེས་རྒྱ་མཚོ་ལགས་རྒྱ་ནག་གི་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཀྱང་བཙོན་ཁང་ནང་བཞུགས་རིང་རྒྱ་མིའི་བཙོན་སྲུང་བ་ཚོས་ཁོང་ལ་ཉེས་བརྡུང་ཚད་མེད་བཏང་སྟེ་ལུས་པོར་རྨད་སྐྱོན་ཚབས་ཆེན་ཕོགས་རྐྱེན་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡ ཉིན་སྐུ་གྲོངས་པའི་སྐོར་བཀོད་འདུག དམ་པ་ཁོང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་བྱས་ཤིང་། ལོ་དེར་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་བའི་རྔམ་སྟོན་ཤུགས་ཆེ་ཤོས་བྱུང་ཡོད།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་སྙན་ཐོའི་ནང་གསལ་ལྟར་ན། ཕྱི་ཟླ་ ༡༡ ཚེས་ ༧ ནང་ཚུད་དུ་རྒྱ་ནག་གཞུང་གིས་བོད་མི་ ༢༧༣ རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པའི་འོག་ནས་འཛིན་བཟུང་བཙོན་འཇུག་བྱས་པ་དང་། གྲངས་འབོར་དེས་བོད་མི་ཆབ་སྲིད་བཙོན་པའི་གྲངས་འབོར་དངོས་གནས་མཚོན་མི་ཐུབ་ཅིང་། དེ་ནི་ཉུང་མཐའི་གྲངས་འབོར་ལ་བརྩི་དགོས་པ་བཀོད་འདུག གཞན་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོ་དེའི་ནང་དུ་ཕྱི་ལོ་ ༢༠༡༩ ལོར་བོད་མདོ་སྨད་རྔ་པ་རུ་བོད་མི་ཡོན་ཏན་ཞུ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་བ་དེས་རྒྱ་ནག་གཞུང་གིས་ཁྲིམས་འགལ་ནག་ཉེས་ཅན་གྱི་བྱ་སྤྱོད་ཡིན་ཚུལ་བསྒྲགས་པའི་སྐོར་གསལ་འདུག
གཞན་ཡང་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་བོད་ཕྲུག་ཚོར་བོད་ཀྱི་སྐད་སྦྱོང་རྒྱུར་འགོག་རྐྱེན་བཟོས་ནས་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུར་ཆེད་མངགས་དམ་བསྒྲགས་བྱས་པ་མ་ཟད། རྒྱ་ནག་གི་སྐད་ཡིག་ཁོ་ན་སློབ་དགོས་པའི་བཀའ་རྒྱ་བཏང་སྟེ་བོད་ཕྲུག་རྣམས་རྒྱ་ནག་གཞུང་གིས་གཉེར་བའི་སློབ་གྲྭའི་ནང་ཆེད་མངགས་འགྲོ་དགོས་པའི་བཙན་བཀའ་བཏང་བའི་སྐོར་གསལ། དེ་བཞིན་གཞུང་གི་ལས་ཁུངས་དང་གླ་གཡར་ལས་ཀ་སོགས་ཀྱི་ཡིག་རྒྱུགས་སོགས་ནང་བོད་མིས་ཞུགས་ཚེ་བོད་མིར་གོ་སྐབས་མ་སྤྲད་པ་མ་ཟད། རྒྱ་ནག་ནང་ལ་མཚོན་ན་རྒྱ་མིའི་རླངས་འཁོར་གཏོང་མཁན་ཚོས་བོད་མི་འོར་འདྲེན་མ་བྱས་པ། མགྲོན་ཁང་ནང་བོད་མི་སྡོད་མ་འཇུག་པ། རྒྱ་མིའི་ཁང་བདག་ཚོས་བོད་མིར་ཁང་པ་མ་གཡར་བ་སོགས་བཀོད་འདུག །