ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༨ རེས་གཟའ་སྤེན་པ།
༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ Shri Jai Ram Thakur མཆོག་ལ་གསུང་འཕྲིན་ཞིག་སྩལ་ཏེ། ཏོག་དབྱིབས་ནད་ཡམས་ Corona-virus འཛམ་གླིང་ཡོངས་སུ་མཆེད་ནས་ད་ལྟ་མངའ་སྡེ་འདིར་ཡང་སླེབས་ཡོད་པར་ཉིན་རེ་བཞིན་ཧུར་བརྩོན་ཆེན་པོས་ནད་ཡམས་འགོག་ཐབས་ཆེད་འབད་བརྩོན་བྱེད་བཞིན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
དེ་ཡང་གསུང་འཕྲིན་ནང་དུ། ངོས་རང་ཧི་མཱ་ཅལ་མངའ་སྡེ་ནང་བསྡད་ནས་ད་བར་ལོ་ངོ་ ༦༠ སོང་ཡོད། འདི་ནི་ངོས་ཀྱི་ཕ་ཡུལ་གཉིས་པ་ལྟ་བུ་ཡིན། དེར་བརྟེན་ངོས་ཀྱིས་ཐེངས་འདིར་མངའ་སྡེའི་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེ་མཚོན་བྱེད་དུ་དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་ཛ་དྲག་ངལ་སེལ་སླད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐེབས་རྩ་ཁང་དུ་བཟའ་བཅའ་དང་སྨན་རིགས་སོགས་ཀྱི་ཆེད་ཞལ་འདེབས་ཕྲན་བུ་ཞིག་འབུལ་གྱི་ཡོད། ཅེས་བཀའ་སློབ་སྩལ་འདུག
མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མཆོག་གི་ཆོད་སེམས་བརྟན་པོས་ནད་ཡམས་སྔོན་འགོག་ཆེད་ལས་འགུལ་འདྲ་མིན་སྤེལ་བཞིན་པ་དེ་དག་ལ་ནུས་པ་ངེས་ཅན་ཞིག་ཐོན་པའི་རེ་བ་ཡོད་སྐོར་བཀའ་སློབ་སྩལ་འདུག