ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཏི་ནམ་གྱི་ནང་པའི་ཆིག་སྒྲིལ་དགོན་པའི་ Unified Buddhist Church of Vietnam དབུ་ཁྲིད་ཐིག་ཁོན་དོ་ Thich Quang Do མཆོག་དགུང་ལོ་ ༩༢ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོ་བོའི་གནས་ཚུལ་ཐོན་པར་མགོན་པོ་གང་ཉིད་མཆོག་གི་ཆོས་གྲོགས་རྒན་པ་ཐིག་ཁོན་དོ་མཆོག་གིས་གཙོས་དམ་པ་དེ་ཉིད་ཀྱི་རྗེས་འབྲང་པ་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ངོས་རང་ཞིང་གཤེགས་དམ་པ་དེ་ཉིད་དང་དངོས་སུ་མཇལ་རྒྱུའི་གོ་སྐབས་མ་བྱུང་ཡང་། དམ་པ་དེ་ཉིད་སྐུ་འཚོ་བཞུགས་རིང་གཞན་དོན་ལྷུར་ལེན་གྱིས་དམངས་ལ་ཞབས་འདེགས་བསྒྲུབས་ཡོད་པ་ཤེས་ཀྱི་ཡོད། དམ་པ་དེ་ཉིད་ཀྱིས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་པས། ང་ཚོས་དམ་པ་དེ་ཉིད་དྲན་པའི་སྐབས་དགའ་བ་བསྒོམ་དགོས་པ་རེད། ཅེས་གསུང་འཕྲིན་བསྩལ།
བླ་ཆེན་ཐིག་ཁོན་དོ་མཆོག་ནི། ཕྱི་ལོ་ ༡༩༢༨ ཟླ་ ༡༡ ཚེས་ ༢༧ ཉིན་ཝི་ཏི་ནམ་གྱི་བྱང་ཕྱོགས་ཐའི་བྷིན་ Thai Binh མངའ་སྡེའི་ནང་འཁྲུངས། དམ་པ་དེ་ཉིད་ཀྱིས་ཝི་ཏི་ནམ་ནང་གི་ཆོས་དད་རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སླད་དུ་བློས་བཏང་གིས་རླབས་ཆེན་གྱི་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ལོ་ངོ་ ༢༢ ལྷག་གི་རིང་བཟང་བཙོན་འོག་དཀའ་སྡུག་གི་མེ་ཚེ་བསྐྱལ། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༢ ཉིན་ཝི་ཏི་ནམ་གྱི་ཧོ་ཆི་མིན་གྲོང་ཁྱེར་ Ho Chi Minh City ནང་དགུང་ལོ་ ༩༢ ཐོག་དགོངས་པ་རྫོགས་ཡོད་པ་བཅས།།