ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༧ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དབུ་འཛུགས་གནང་སོང་།
དེ་ཡང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཟུར་ཉན་པ་རྣམ་པ། གསར་འགོད་པ་དང་། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། དེ་རིང་གྲོས་ཚོགས་ཚོགས་དུས་དགུ་པའི་ནང་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་གཉིས་ཡོད། དེ་ཡང་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་རུ་ཆེན་གཉིས་པ་ནས་སྐུ་ཞབས་ཡོན་ཏན་ལགས་ཀྱིས་བོད་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་ཞུགས་མེ་སྒྲོན་རྐྱེན་སྐུ་ཚེ་མ་ཟིན་པ་དང་། སྐབས་ ༡༢ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་རྒྱལ་མཚན་ལགས་སྐུ་ཚེ་མ་ཟིན་པ་དེ་གཉིས་ཀྱི་ཐོག་ལ་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་དང་། ནམ་རྒྱུན་འཆར་ཅན་གྲོས་ཚོགས་ཚུགས་སྐབས་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཕེབས་ཀྱི་ཡོད་པ་རེད། གཙོ་བོ་ཕྱི་ལོ་ ༢༠༢༠་་་་༢༠༢༡ ལོའི་སྔོན་རྩིས་གཏན་འབེབས་གནང་རྒྱུ་དེ་ཆགས་ཀྱི་ཡོད།
སྤྱིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པའི་དགོངས་དོན་གྲོས་ཚོགས་ཚོགས་དུས་དགུ་པ་འདི་བཞིན་ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༢༧ བར་ལས་དུས་ཉིན་གྲངས་བཅུའི་རིང་བསྒྲིགས་ཡོད་ནའང་འཛམ་གླིང་ཡོངས་ལ་ཆེས་ཛ་དྲག་གི་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་འགྲོ་བཞིན་ཡོད་པ་དང་། དེ་ཡང་ང་ཚོ་གནས་ཡུལ་གྱི་རྒྱལ་ཁབ་ལ་མཚོན་ན་ཉིན་རེ་བཞིན་འཕེལ་བཞིན་ཡོད། འདི་འདྲའི་རྐྱེན་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པའི་དགོངས་དོན་ལྟར་ཕྱི་ཚེས་ ༡༦ ཉིན་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་ཞུས་ཏེ་ཉིན་གྲངས་གཅིག་རིང་མ་གཏོགས་ཚོགས་མི་དགོས་པའི་ཐག་གཅོད་འདི་ལྟར་ཞུས་པ་ཡིན།
དེར་བརྟེན་དེ་རིང་གྲོས་ཚོགས་འདི་ཉིན་གྲངས་གཅིག་རིང་མ་གཏོགས་མེད་སྟབས། མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཡིན་ནའང་རེད། གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཡིན་ནའང་རེད་དགོངས་འཆར་གནང་མི་དགོས་པ་ཞིག་དང་། དེ་བཞིན་སྔོན་རྩིས་དེ་ཡང་ལས་ཁུངས་གོ་རིམ་བཞིན་བསྡོམས་འབོར་སྙན་སྒྲོན་གནང་རྗེས་གཏན་འབེབས་ཞུས། མཐར་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་གནང་རྒྱུ་མ་གཏོགས་ལས་རིམ་གཞན་གང་ཡང་མེད་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས་ཀྱིས་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཡོན་ཏན་ལགས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བོད་མི་མང་དགེ་ལུགས་སྤྱི་ཟུར་དགའ་བྱང་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་རྒྱལ་མཚན་ལགས་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཅས་བཏོན་གནང་རྗེས། ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས།
དེ་ནས་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བོད་ནང་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་གནང་བར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་བཅས། །