ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༣ འཚོགས་བཞིན་ཡོད་པ་དང་བསྟུན། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ UN High Commissioner for Human Rights ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ Michelle Bachelet Jeria མཆོག་བོད་ནང་ཕེབས་དགོས་པའི་འབོད་སྐུལ་ཞུས་ཡོད།
དེ་ཡང་ལོ་འདིའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་དང་། སྐལ་ལྡན་མཚོ་མོ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་བོད་ནང་གཟིགས་སྐོར་དུ་མ་ཕེབས་ཚེ་ལྕམ་སྐུ་མཆོག་གི་གཟིགས་སྐོར་དེ་འཐུས་སྒོ་ཚང་བ་ཞིག་ཡོང་གི་མ་རེད། ཅེས་དང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་ལྟར་བོད་ནང་དུའང་དེ་ལྟར་དྲག་གནོན་བྱས་དང་བྱེད་བཞིན་ཡོད་སྟབས། ལྕམ་སྐུ་མཆོག་གིས་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མི་ཚོའི་ཐོག་དམ་བསྒྲགས་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་རོགས། ཞེས་གསུང་།
གཞན་ཡང་སྐལ་ལྡན་མཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མི་རྣམས་ཉེས་མེད་འཛིན་བཟུང་དང་། མནར་སྤྱོད་བཏང་བ། གར་སོང་ཆ་མེད་དུ་རྒྱུར་བཅུག་པ་སོགས་བྱས་དང་བྱེད་བཞིན་པར་བརྟེན། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་དང་། ལྷག་པར་ཕྱི་གསལ་ནང་གསལ་བྱེད་ཀྱི་མེད་པའི་རྐྱེན་གྱིས་བོད་ནང་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་གྲངས་ག་ཚོད་ཡོད་མེད་ཤེས་རྟོགས་ཡོང་གི་མེད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་དགོས་པ་སོགས་ཀྱི་སྐོར་གསུངས།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༣ འདི་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༤ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༢༠ བར་འཚོགས་གནང་རྒྱུ་ཡིན་པ་བཅས། །