ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ ཉིན་ལི་ཐུ་ཝེ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་ཀྱི་གྲོགས་པོ་ཚོགས་པ་བཅས་ནས་ལག་ཏུ་འཕྲད་དར་བཟུང་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ་དང་བསྟུན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བོད་མིའི་ཞི་བའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ལི་ཐུ་ཝེ་ནི་ཡའི་ Lithuania རྒྱལ་ས་ཝིལ་ན་སིའི་ Vilnius ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས། བོད་དོན་ལ་རྒྱབ་སྐྱོར་གནང་རོགས་ཞེས་ཞི་བའི་སྐད་འབོད་གནང་ཡོད།
ཐེངས་འདིའི་ཞི་བའི་ངོ་རྒོལ་ནང་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་འཐུས་མི་ Andrius Navickas ལགས་དང་ Mantas Adomėnas ལགས། ཝིལ་ན་སིའི་ Vilnius མཐོ་སློབ་ཁང་གི་ལེགས་སྦྱར་གྱི་དགེ་རྒན་ Vytis Vydunas ལགས་སོགས་མཉམ་ཞུགས་གནང་ཡོད། ལི་ཐུ་ཝེ་ནི་ཡས་རང་བཙན་སླར་གསོ་གནང་རྗེས་ཕྱི་ལོ་ ༡༩༩༠ ཟླ་ ༤ ཚེས་ ༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལི་ཐུ་ཝེ་ནི་ཡའི་མི་མང་ཡོངས་ལ་རྒྱབ་སྐྱོར་དང་དགའ་བསུའི་ཏར་འཕྲིན་ཞིག་བསྩལ་བ་དེ་མཉམ་ཞུགས་པ་ཡོངས་ནས་ཕྱིར་དྲན་ཞུས་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་མང་པོ་ཞིག་ཕེབས་ཏེ་ཞི་བའི་ངོ་རྒོལ་སྐོར་གསར་འགྱུར་འདོན་སྤེལ་གནང་ཡོད་པ་བཅས།།