ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཉེ་ཆར་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༡ ཉིན་ཨ་རི་ནས་ཕྱིར་རྒྱ་གར་དུ་ཕེབས་པའི་རང་ལོ་ ༦༩ ཡིན་མཁན་ཞིག་ལ་རྒྱ་ནག་ཝུ་ཧན་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམ་འགོས་ཤིང་། ཁ་སང་ཕྱི་ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན་ཀངྒར་ཊན་ཌ་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད་སྟབས། འདི་ག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༤ རེས་གཟའ་མིག་དམར་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཐོག་གསུང་དོན། བོད་མི་མང་པོ་ཞིག་གིས་གནས་ཚུལ་མཁྱེན་གྱི་ཡོད། ཁ་སང་ཕྱི་ཚེས་ ༢༣ ཉིན་བོད་མི་བསྟན་འཛིན་ཆོས་འཕེལ་ལགས་རང་ལོ་ ༦༩ ཅན་ཞིག་ཏོག་དབྱིབས་ནད་དུག་གི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད། ས་གནས་རྒྱ་གར་གཞུང་རྫོང་གྱི་གནད་ཡོད་ཀྱི་མི་སྣ་དང་ལྷན་དུ་ཐད་ཀར་འབྲེལ་བ་བྱེད་རྗེས་གནད་དོན་རྩད་གཅོད་བྱས་པ་དང་ཕུང་པོ་རག་ཐུབ་པ་བྱུང་སོང་། དེའི་ཐོག་ཞིབ་ཕྲ་ཞུ་ན་བསམ་སོང་། གང་ཡིན་ཟེར་ན་བོད་མི་མང་པོ་ཞིག་ལ་སེམས་ཁྲལ་ཡོང་བཞིན་འདུག གཞི་རྩའི་འདས་པོ་བསྟན་འཛིན་ཆོས་འཕེལ་ལགས་དང་ཀུན་ཟླ་གཉིས་ཨ་རི་ནས་ཕྱི་ཚེས་ ༡༥ སྔ་དྲོ་ཆུ་ཚོད་ ༣ ཐོག་རྒྱ་གར་ལྡི་ལིར་འབྱོར་འདུག གནམ་ཐང་དུ་ལུས་པོའི་ཚ་བ་སོགས་བརྟག་དཔྱད་བྱས་རྗེ་ལྡི་ལི་བསམ་ཡས་གླིང་མགྲོན་ཁང་དུ་ཉིན་གྲངས་ ༥ བསྡད་འདུག དེ་རྗེས་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པ་ལྡི་ལི་ནས་རྡ་སར་ཐོན་ནས་དགོང་དྲོ་ཆུ་ཚོད་ ༦ རྡ་སར་འབྱོར་འདུག ཕྱི་ཚེས་ ༢༢ ཉིན་རྒྱ་གར་གྱི་སྲིད་བློན་མཆོག་གིས་གསུང་པ་གཞིར་བཟུང་ Janta Curfew ཞེས་རང་ཁྱིམ་དུ་བསྡད་དགོས་པའི་བཀོད་ཁྱབ་བཏང་བ་ལྟར་རང་ཁྱིམ་དུ་བསྡད་འདུག ཕྱི་ཚེས་ ༢༣ ཉིན་ཀངྒར་ཊན་ཌ་སྨན་ཁང་དུ་བརྟག་དཔྱད་སླད་བཅར་འདུག
སྐབས་དེར་སྨན་ཁང་དུ་འདས་གྲོངས་སུ་གྱུར་འདུག འདས་པོ་ཁོང་སྔོན་འགྲོ་བརྟག་དཔྱད་སྐབས་ཏོག་དབྱིབས་ནད་ཡམས་ཡིན་པར་སྨན་པས་ར་སྤྲོད་བྱུང་འདུག ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་བར་གཞུང་འབྲེལ་ནས་གསལ་བསྒྲགས་བྱེད་འདུག
ནང་མི་དེ་དག་ཕུང་པོ་དང་འབྲེལ་བ་བྱུང་ཡོད་སྟབས་ངེས་པར་དུ་ quarantine དུ་བཞུགས་དགོས་ཀྱི་ཡོད་སྟབས། བཞུགས་སྒར་ཉེ་འདབས་སུ་ཡོད་པའི་དབུས་སྣེ་ལེན་ཁང་དུ་ནང་མི་རྣམས་ཞོགས་པ་ཆུ་ཚོད་ ༢།༢༠ ནས་བསྡད་ཡོད། ཕྱོགས་མཚུངས་ནང་མི་དང་འབྲེལ་བ་བྱུང་བ་ཆ་ཚང་ད་ལྟར་ཉིན་གྲངས་ ༡༤ རིང་ quarantine བསྡད་རྒྱུ་ཡིན་འདུག
འདས་པོ་ཁོང་དང་ནང་མི་རྣམས་རྣམས་ལྡི་ལིའི་མགྲོན་ཁང་གང་དུ་བསྡད་ཡོད་སྐོར་སོགས་ལྡི་ལི་དོན་གཅོད་དང་ལྡི་ལི་ས་གནས་འགོ་འཛིན་སོགས་སུ་འབྲེལ་བ་གནང་ཡོད། ཕྱོགས་མཚུངས་ལྡི་ལི་མངའ་སྡེ་གཞུང་གི་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བ་བྱས་ཟིན་འདུག
འདས་པོ་བསྟན་འཛིན་ཆོས་འཕེལ་ལགས་ནི། ཕྱི་ལོ་ ༢༠༡༦ ལོར་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་ལ་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་ལས་རོགས་ཀྱི་ཕྱག་ལས་གནང་འདུག བོད་མི་ཚང་མས་ཐུགས་སྨོན་གནང་རོགས། ཞེས་ཞུ་རྒྱུ་ཡིན།
གཞན་ཡང་ས་གནས་རྒྱ་གར་གཞུང་གི་ནད་ཡམས་སྔོན་འགོག་སླད་འབྱུང་འགྱུར་ཉིན་གྲངས་ ༣ རིག་མེ་གྷན་ཆ་ཚང་སྒོ་བརྒྱག་རྒྱུ་ཡིན་སྐོར་བཀོད་ཁྱབ་ལྟར། བོད་པ་སུ་འདྲ་ཞིག་ཡིན་རུང་རང་ཁྱིམ་ནས་ཕྱིར་ཐོན་མི་ཆོག་པའི་བཀོད་ཁྱབ་ནན་པོ་གནང་ཡོད་སྟབས། བོད་མིའི་ཚང་མས་དེ་དེ་བཞིན་ལག་བསྟར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཅི་སྟེ་བོད་མི་སུ་རུང་བརྩི་བཀུར་མ་ཞུས་པར་ཁྲིམས་འགལ་གྱི་གནས་ཚུལ་བུང་ཚེ་བོད་མིའི་སྒྲིག་འཛུགས་ངོས་ནས་འགན་ནམ་ཡང་ཞུ་རྒྱུ་མིན། བོད་མི་ས་ཕྱོགས་གང་སར་ཡོད་པ་རྣམས་རང་གནས་སུ་བཞུགས་རོགས།
ནད་ཡམས་དེའི་ཐོག་ལས་དོན་ཚོགས་ཆུང་ཞིག་ཟུར་འཛུགས་གནང་ཡོད། བཞུགས་སྒར་ཁུལ་དུ་ས་གནས་ཉེན་རྟོག་མི་སྣ་ནང་དུ་སླེབས་ཏེ་ཞིབ་འཇུག་སླད་འདྲི་རྩད་སོགས་གནང་སྐབས་མཐུན་འགྱུར་རོགས་རོམ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། །