ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༣ འཚོགས་བཞིན་ཡོད་པ་དང་བསྟུན། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ ཉིན་རྒྱལ་ཚོགས་ཀྱི་འཐུས་མི་འཇར་མན་ནི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ནེ་ཐར་ལན་ཌིས། ཡུ་རོབ་སྤྱི་མཐུན་ཚོགས་པ་བཅས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
དེ་ཡང་འཇར་མན་ནིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་མི་རིགས་ཚོའི་ཐོག་ཁྲིམས་མེད་བཙན་ཤེད་ཀྱིས་བཙོན་འཇུག་དང་མནར་སྤྱོད་གཏོང་བ། དེ་བཞིན་ཆབ་སྲིད་དང་ཆོས་དད་རང་དབང་སོགས་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད། འཇར་མན་ནིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ UN High Commissioner for Human Rights ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ Michelle Bachelet Jeria མཆོག་རྒྱ་ནག་ནང་གཟིགས་སྐོར་དུ་མགྲོན་འབོད་ཞུས་པར་དགའ་བསུ་གནང་བ་དང་སྦྲགས་ཆ་རྐྱེན་ཁག་བསྒྲུབ་ཐུབ་པའི་རེ་བ་བཏོན་ཡོད།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱིས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སོང་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཕེལ་རྒྱས་སུ་ཕྱིན་མེད་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་བསྒྲགས་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
ཡུ་རོབ་སྤྱི་མཐུན་ཚོགས་པས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་གྲངས་ ༢༧ གྱི་ཚབ་ཞུས་ཏེ་རྒྱ་ནག་གཞུང་ལ་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཡོངས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་ལ་གཟིགས་སྐོར་གྱི་གོ་སྐབས་མིང་དོན་མཚུངས་པ་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད།
ནེ་ཐར་ལན་ཌིས་སྐུ་ཚབ་ཀྱིས་རྒྱ་ནག་ནང་གི་བོད་མི་དང་། ཡི་ཤུ། ཁ་ཆེའི་ཆོས་དད་རང་དབང་བཅས་ལ་ཐུགས་འཚབ་གནང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་གིས་གཙོས་རང་དབང་གི་རྟོག་ཞིབ་ཚོགས་ཆུང་ལ་དངོས་ཡོད་གནས་ཚུལ་ཐད་རྟོག་ཞིབ་བྱེད་འཇུག་དགོས་པའི་འབོད་སྐུལ་གནང་ཡོད།
ཕྱོགས་མཚུངས་རྒྱལ་ཚོགས་ཀྱི་འཐུས་མི་ཨོ་སི་ཊི་ལི་ཡ་དང་། ཕིན་ལན་ཌི། ཕ་རན་སི། ཨིན་ཡུལ་བཅས་ནས་རྒྱ་ནག་གཞུང་ལ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་ལ་གཟིགས་སྐོར་གྱི་གོ་སྐབས་མིང་དོན་མཚུངས་པ་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས། །