ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༥ རེས་གཟའ་ཕུར་བུ།
༄༅།སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༣ འཚོགས་བཞིན་པ་དང་བསྟུན། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་རིག་གཞུང་སྲུང་སྐྱོབ་ལས་འགུལ་བ་རྣམས་ལ་དྲག་གནོན་བྱེད་བཞིན་པའི་གནད་དོན་སྐོར་གླེང་གནང་འདུག
དེ་ཡང་ཁ་སང་ཕྱི་ཚེས་ ༤ ཉིན་ལྷན་ཚོགས་སུ་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོགས་ཞིབ་མི་སྣ་ལྕམ་སྐུ་ཀ་རི་མ་བྷན་ནོན་སི་ Karima Bennounce མཆོག་གིས་རིག་གཞུང་སྲུང་སྐྱོབ་ལས་འགུལ་བའི་གནད་དོན་སྐོར་སྙན་ཐོ་སྤྱན་འབུལ་གནང་ཡོད་པ་དང་། སྙན་ཐོའི་ནང་རིག་གཞུང་སྲུང་སྐྱོབ་ལས་འགུལ་བ་རྣམས་ཀྱི་གལ་གནད་དང་། དེ་དག་ལ་ངོས་འཛིན་དང་རམ་འདེགས་གོང་མཐོར་དགོས་སྐོར་བཀོད་ཡོད་པ་རེད།
སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ Society for Threatened Peoples ཞེས་པའི་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚབ་ཞུས་ཏེ། འདས་པའི་ལོ་ངོ་ ༦༠ ལྷག་རིང་རྒྱ་ནག་གཞུང་ནས་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་གཏོར་བཤིག་གང་ཐུབ་བྱས་ཡོད་སྐོར་དང་། བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བྱ་ཡུལ་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་བཏང་བ་མ་ཟད། རྒྱ་གཞུང་གི་བྱ་སྤྱོད་དེར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་གྲྭ་བཙུན་རྣམས་ཟུར་འཇོག་གིས་ཆབ་སྲིད་སློབ་གསོ་ཟེར་བ་སྤེལ་ཡོད་པ་དང་། འདས་ལོར་ཡ་ཆེན་སྒར་ནས་ཕྱིར་འཕུད་བཏང་བའི་བཙུན་མ་ཞིག་གིས་བཀག་སྐྱིལ་ཁང་དུ་རྡུང་རྡེག་མནར་གཅོད་ལས་བཟོད་ཐབས་བྲལ་ཏེ་རང་སྲོག་བཅད་ཡོད་ཅེས་དང་།
དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་དང་བསོད་ནམས་དཔལ་ལྡན་ལགས། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་བཅས་ཀྱི་གནད་དོན་སྐོར་ཡང་གླེང་སློང་གནང་ཡོད་པ་མ་ཟད། བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ལས་འགུལ་བ་རྣམས་གློད་བཀྲོལ་གཏོང་དགོས་པ་དང་། དེ་བཞིན་བོད་མིའི་ལས་འགུལ་བ་དེ་དག་ལ་མནར་གཅོད་དང་། དྲག་གནོན་མཚམས་འཇོག ཁྲིམས་རྩོད་པར་གླ་གཡར་བཅུག་སྟེ་དྲང་བདེན་གྱི་ལམ་ནས་ཁྲིམས་བཤེར་བྱེད་འཇུག་དགོས་པའི་གནོན་ཤུགས་སྤྲོད་རོགས་ཅེས་འབོད་སྐུལ་གནང་འདུག་པ་བཅས།།