ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །འཛམ་གླིང་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུ་འགྲོ་བཞིན་པའི་ཉེན་ཁ་ཡོད་མེད་ལ་མ་ལྟོས་པར་ཤར་དབུས་ཡུ་རོབ་ཁུལ་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༡ གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།
དེ་ཡང་སུད་སི་རྒྱལ་ས་བྷན་ Bern ནང་སུད་སི་དང་ལེག་ཊེན་སི་ཊེན་ Liechtenstein བོད་རིགས་སྤྱི་མཐུན་ཚོགས་པ་དང་མི་མང་སོགས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་དཔལ་ལྡན་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་འབྲེལ་དེ་རིང་གི་ཉིན་མོ་སྟེ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྩ་དོན་ཆེད་བོད་ནང་བོད་མི་སྟོང་ཕྲག་མང་པོས་རང་སྲོག་བློས་བཏང་ཡོད་པ་མ་ཟད། རྒྱ་ནག་བཙན་དབང་འོག་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད། ཏོག་དབྱིབས་ནད་དུག་ཁྱབ་གདལ་དུ་འགྲོ་བཞིན་པའི་ཉེན་ཁ་ཡོད་མེད་ལ་མ་ལྟོས་པར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས།
སུད་སིའི་ལྗང་ཁུ་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་རེ་གུ་ལ་ Regula Rytz མཆོག་གིས་བོད་ནང་གི་བོད་མི་ཚོས་ཉིན་ལྟར་དྲག་གནོན་འོག་སྨྲ་བརྗོད་དང་ཆོས་དད་རང་དབང་མེད་པར་འཚོ་བ་སྐྱེལ་བཞིན་ཡོད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་སྐད་གསང་མཐོན་པོས་སྐད་འབོད་བརྒྱབ་པ་ཡིན་ན་ད་གཟོད་འགྱུར་བ་ཏན་ཏན་འགྲོ་གི་རེད། ཅེས་གསུངས།
ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་སྟེ་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་ངང་བོད་མིའི་འཐབ་རྩོད་མུ་མཐུད་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།
འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ Society for Threatened Peoples ཀྱི་ཟུང་འབྲེལ་ངེས་སྟོན་པ་ཁི་རི་སི་ཊོ་ཕི་ཝེ་ཌི་མར་ Christoph Wiedmer ལགས་དང་། སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ Swiss-Tibetan Friendship Association དྲུང་ཆེ་བྷེ་ཊི་ན་ Bettina Eckert ལགས། སུད་སིའི་བུད་མེད་ཚོགས་པའི་ཚོགས་གཙོ་བདེ་སྐྱིད་ལགས། ཡུ་རོབ་བོད་ཀྱི་གཞོན་ནུ་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་འཇིགས་མེད་ལགས་སོགས་གསུམ་བཅུའི་དུས་དྲན་ཐོག་མཉམ་ཞུགས་གནང་ཡོད།
གཞན་ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་གྲོང་སྡེ་ ༨༤༤ དང་། སློབ་གྲྭ་ཁག་ ༡༣༣ ནང་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ ཉིན་སྲུང་བརྩི་ཞུས་ཡོད་པ་དང་། དེ་བཞིན་ཨེ་ཊ་ལེའི་བོད་རིགས་སྤྱི་མཐུན་ཚོགས་པས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད།
ཕྱོགས་མཚུངས་ཨོ་སི་ཊི་རི་ཡའི་ཊེ་རོལ་ Tyrol མངའ་སྡེའི་རྒྱལ་ས་ཨིན་སི་བྷི་རག་ Innsbruck གི་གྲོང་སྡེའི་སྤྱི་ཁྱབ་པས་ཁོང་གི་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་། འཇར་མན་ནིའི་བྷག་ནན་ Backnang གྲོང་སྡེའི་སྤྱི་ཁྱབ་པས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ་གསུམ་བཅུའི་དུས་དྲན་ཐེངས་ ༦༡ སྲུང་བརྩི་ཞུས་འདུག་པ་བཅས།།