- ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཉེ་ལམ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་འགོ་བཙུགས་ཏེ་འཛམ་གླིང་སྤྱི་དང་། ལྷག་པར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བཙན་བྱོལ་བོད་མི་ཡོངས་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་སླད་ཐུགས་གཟབ་དགོས་སྐོར་གསུང་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཟླ་འཇུག་ནས་ཝུ་ཧན་ཏོག་དབྱིབས་ནམ་ཡམས་སམ་ COVID-19 ཞེས་པའི་ནད་ཡམས་ཁྱབ་གདལ་ཕྱིན་ཡོད། ད་བར་རྒྱ་ནག་ནང་མི་གྲངས་འབུམ་གཅིག་དང་སྟོང་ཕྲག་ལྔ་བཅུ་ཙམ་ལ་ནད་དངོས་སུ་ཕོག་པའི་ནང་ནས་མི་གྲངས་སུམ་སྟོང་ལྷག་ཙམ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་འཐོན་བཞིན་ཡོད།
ལྷག་པར་རྒྱ་གར་ནང་ཏོག་དབྱིབས་ནད་རྟགས་ཡོད་པའི་མི་གྲངས་ ༣༡ ཐོན་པའི་གནས་ཚུལ་འདུག འོན་ཀྱང་སྟབས་ལེགས་པ་ཞིག་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ད་བར་ནད་རྟགས་དངོས་སུ་ཐོན་པའི་རིགས་གཅིག་ཀྱང་བྱུང་མེད་ནའང་ཚང་མས་ལྷོད་གཡེང་དུ་མ་སོང་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། རྒྱ་གར་གཞུང་གི་ལམ་སྟོན་གཞིར་བཟུང་སྔོན་འགོག་གི་ཐབས་ལམ་ཐོག་ཡིད་གཟབ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་མང་གཙོ་ཉིན་མོའི་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་ནད་དུག་སྐོར་ལམ་སྟོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཀྱང་མང་ཚོགས་ལ་གོ་རྟོགས་སྤེལ་དང་སྤེལ་བཞིན་ཡོད། བོད་ནང་དུའང་བོད་རང་སྐྱོང་ལྗོངས་ཁུལ་དུ་མི་གཅིག་དང་། བོད་ཀྱི་མདོ་སྟོད་སྨད་ཁུལ་དུ་ནད་རིམས་དེ་ཕོག་པའི་མི་ ༧༠ ཙམ་གྱི་ཐོ་ཐོན་འདུག བོད་ནང་གི་ནད་རིམས་ཀྱི་གནས་སྟངས་གང་ཡིན་པ་ཇི་མ་ཇི་བཞིན་ཁ་གསལ་ཡོང་བའི་རེ་བ་རྒྱག་གི་ཡོད། ཉེ་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲོལ་མའི་གཟུངས་སྔགས་བགྲང་དགོས་པའི་སྐོར་བཀའ་སློབ་བསྩལ་ཡོད། ལྷག་པར་གཞིས་བྱེས་བོད་མི་ཚོས་དེ་གནད་འགག་ཆེན་པོར་བརྩིས་ཏེ་སྒྲོལ་མའི་གཟུངས་སྔགས་བགྲང་རྒྱུ་དང་། རིམས་ནད་སྔོན་འགོག་གི་གསོ་རིག་རིལ་བུ་དེ་འདྲ་ཡོད་ན་བེད་སྤྱོད་བྱེད་དགོས་པ་དང་། འདུ་འཛོམས་དང་ཕན་ཚུན་གཅིག་གིས་གཅིག་ལ་ལག་པ་གཏོང་མི་དགོས་པ་སོགས་གང་ཐུབ་གནང་རོགས། དེ་བཞིན་སོ་སོའི་གཙང་སྦྲ་དང་འཕྲོད་བསྟེན་ཐོག་དོ་སྣང་གནང་རོགས། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཏོག་དབྱིབས་ནད་དུག་གི་ཐད་ལ་དངངས་སྐྲག་བྱེད་དགོས་པ་མི་འདུག འོན་ཀྱང་གོ་སྐབས་འདི་བརྒྱུད་ཚང་མས་གཟབ་གཟབ་གནང་རོགས་ཞེས་ཞུ་རྒྱུ་ཡིན།།