ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༡༩༤༩ ཙམ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་དམག་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་རྒྱ་ནག་དམར་གཞུང་གིས་བོད་མི་རྣམས་ལ་གཡོ་སྒྱུ་ཁྲམ་གསུམ་གྱི་འོག་ནས་བོད་རྒྱལ་ཁབ་ཆེན་པོ་དེ་ཉིད་ཧམ་བཟུང་བྱ་རྒྱུ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་ངན་བྱུས་བཅས་ཀྱི་གདོང་རིས་ངོ་མ་དམར་རྗེན་དུ་ཐོན་པར་བོད་རྒྱ་ཆེ་མི་མང་སྡོད་བཟོད་ཐུབ་ཐབས་བྲལ་བར་བརྟེན་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཆོལ་གསུམ་མི་མང་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་ཆེན་མོ་ཞིག་བྱས་ཏེ་ད་བར་ལོ་ངོ་ ༦༡ ཧྲིལ་པོ་འཁོར་བཞིན་ཡོད། སྒེར་ལངས་ཉིན་མོ་དེ་ནས་བཟུང་སྟེ་ལོ་ལྟར་བོད་མིའི་འདུ་སྡོད་གང་སར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བའི་བོད་ཀྱི་ལོ་རྒྱུས་ནང་ཤིན་ཏུ་གལ་ཆེའི་ཉིན་མོ་ཞིག་ཆགས་ཤིང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོའི་ཉིན་མོར་ཡང་ཆབས་ཅིག་ཏུ་རྗེས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པས། ཐོག་མར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ཚུན་ཆད་ཡོངས་སུ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་གུས་བརྩི་དང་། དུས་ད་ལྟའང་རྒྱ་དམར་གྱི་དམ་དྲག་ཅན་གྱི་སྲིད་བྱུས་འོག་སྡུག་སྦྱོང་མནར་གཅོད་འདྲ་མིན་གྱི་དཀའ་སྡུག་མྱོང་བཞིན་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། གཞིས་བཞུགས་བོད་མི་རྣམས་དཀའ་སྡུག་ལས་མགྱོགས་མྱུར་གྲོལ་ཏེ་རང་དབང་གི་དཔལ་ལ་རོལ་ཐུབ་པའི་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་ད་བར་མི་ལོ་ ༧༠ ལྷག་འགྲོ་བཞིན་པའི་རིང་བོད་མི་ས་ཡ་བརྒལ་བ་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། དགོན་པ་སྟོང་ཕྲག་མང་པོ་རྩ་གཏོར་གྱིས་མཚོན་བོད་ཀྱི་སྣོད་བཅུད་རྣམས་གཏོར་བཅོམ་འཕྲོག་གསུམ་ཡ་ང་བ་བྱས་པ་མ་ཟད། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་བོད་མིའི་ཆོས་དང་། རིག་གཞུང། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་བྱུས་ངན་རྒྱུན་ཆད་མེད་པར་བཤམས་ཏེ། ཐ་ན་བོད་རྒྱལ་ཁབ་ཀྱི་བདག་པོ་བོད་མི་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་རང་དབང་ཚུན་ཆད་བཙན་འཕྲོག་བྱས་ཏེ་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དམྱལ་བ་མི་ཡུལ་འཕོས་པ་ལྟ་བུའི་སྡུག་སྦྱོང་དང་མནར་གཅོད་ཚད་མེད་བཏང་བ་མ་ཟད་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད། བོད་མི་རྣམས་ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱས་དང་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་ཐུབ་ཚོད་དེ་དག་བཟོད་ཐབས་རྩ་བྲལ་གྱིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་དགོས་བྱུང་ཡོད། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་གང་མང་སྤེལ་བར་རྒྱ་དམར་གྱི་དྲག་པོའི་དཔུང་དམག་གིས་གོ་མཚོན་བེད་སྤྱོད་ཀྱིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་རྡུང་རྡེག་ཚབས་ཆེའི་འོག་རང་རིགས་སེར་སྐྱ་ཕོ་མོ་མང་པོ་སྐུ་སྲོག་ཤོར་ཡོད། དེས་མ་ཚད་རྒྱ་དམར་གྱི་གདུག་རྩུབ་ཆེ་བའི་མནར་གཅོད་དེ་དག་བཟོད་བསྲན་ཐུབ་ཐབས་བྲལ་ཏེ་བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱིས་ཕྱི་ལོ་ ༢༠༠༩ ནས་བཟུང་ ༢༠༡༩ ལོའི་ལོ་མཇུག་ཙམ་བར་བོད་མི་གྲངས་ ༡༥༤ གྱིས་རང་ལུས་མེར་བསྲེགས་གཏོང་དགོས་བྱུང་ཡོད་ན་ཡང་། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་བསམ་ཞིབ་བྱ་རྒྱུ་ལས་ལྡོག་སྟེ། མགོ་སྐོར་བསླུ་བྲིད་ཀྱི་རྫུན་གཏམ་ཁོ་ནས་རྒྱ་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་དངོས་ཡོད་གནས་སྟངས་འགེབས་སྦས་བྱེད་བཞིན་པ་མ་ཟད། བོད་དེ་རྒྱ་ཁོངས་ཡིན་པའི་འཁྱོག་གཏམ་ལན་མང་བཤད་བཞིན་པ་དེ་དག་ནི། ཉེ་ཆར་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནང་ནས་ཏོག་དབྱིབས་ནད་འབུའི་རིམས་ནད་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་རིམས་ནད་ཕོག་པའི་ནད་པའི་གྲངས་དང་རྐྱེན་འདས་སོང་བའི་གྲངས་འབོར་བཅས་ཀྱི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་མིག་ལམ་ནས་འགེབས་སྦས་བྱེད་པའི་ངན་གོམས་ཤིག་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ལ་རྒྱུན་འཇགས་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། བོད་དེ་རྒྱ་ཁོངས་ལྟ་ཞོག་རྒྱལ་ཁབ་སུ་ཞིག་གི་དབང་འོག་ཏུ་ཡེ་ནས་མེད་པའི་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན། བོད་རྒྱལ་ཁབ་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ས་ཁམས། མི་རིགས། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་རྒྱ་ནག་རྩིས་པའི་རྒྱལ་ཁབ་གཞན་དག་དང་གང་ཐད་ནས་ཡོངས་སུ་ཐ་དད་ཡིན་པ་དེས་བོད་རྒྱ་ཁོངས་མིན་པའི་བདེན་དཔང་དུ་འཛིན་ཐུབ།
རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་དུས་ད་ལྟའང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྩིས་མེད་པ་ནི། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་ཕྱི་དྲོར་བོད་མདོ་སྨད་རྔ་བ་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་ ༢༤ ཙམ་ལ་སོན་པའི་བོད་མི་ཡོན་ཏན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་། བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་དང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ། བོད་མིའི་སྨྲ་བརྗོད་རང་དབང་འཕྲོག་པ། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བ། བོད་མིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་པ། ཁྲིམས་ལུགས་དང་རྩ་འགལ་གྱིས་བྱ་རིམ་བརྒྱུད་བོད་མི་འཛིན་བཟུང་བཙོན་འཇུག་བྱས་པ། དཔེར་ན། སྤྱི་ཚོགས་དྲ་རྒྱའི་ཐོག་བོད་མི་ཁག་ཅིག་གིས་བསམ་ཚུལ་བཤད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བརྒྱུད་སྤེལ་བྱས་པ་ཙམ་ལ་ཁག་དཀྲི་བསྙོན་འཛུགས་ཀྱིས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་པ། བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་ཆེ་ཤོས་ཡ་ཆེན་སྒར་ནས་དགེ་བཙུན་ཞལ་གྲངས་ ༧༠༠༠ ལྷག་དགོན་པ་ནས་བཙན་གྱིས་ཕྱིར་འབུད་བྱས་པ། དེ་བཞིན་གསེར་རྟ་བླ་རུང་སྒར་ནས་ཀྱང་དེ་སྔོན་དགེ་བཙུན་སྟོང་ཕྲག་མང་པོ་ཕྱིར་འབུད་བྱས་ཏེ་གསར་འཇུག་ཚད་བཀག་བཟོས་པ། འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གཞུང་གིས་ས་བཅད་ ༨ དང་དོན་ཚན་ ༤༨ ཅན་གྱི་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་སྤེལ་བཟང་སྲོལ་ཡིག་ཟེར་བ་ཞིག་གཏན་འབེབས་བྱས་ཏེ་ཕྱི་ཟླ་ ༥ ཚེས་ ༡ ནས་ལག་ལེན་བསྟར་རྒྱུ་བྱས་པ། ཁྲིམས་ཡིག་དེའི་འོག་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་བཟང་པོ་སོགས་བོད་མིའི་ངོ་བོ་མཚོན་པའི་སྲོག་ཤིང་རྒྱ་མིའི་རིག་གཞུང་ནང་འཐིམ་འགྲོ་བའི་ཉེན་ཁ་བཟོས་པ། ཡང་ཉེ་བའི་ཆར་བོད་ལ་ལོག་མཁན་ཚོ་ཆབ་སྲིད་ཀྱི་མིང་ཐོ་ནག་པོའི་ནང་ནས་ལེན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཏེ་དོན་དག་ཡང་སྙིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནུས་སྟོབས་ཉམས་དམས་སུ་གཏོང་ཐབས་དང་རྒྱ་ནག་གཞུང་ལ་བློ་ཁ་ཕྱོགས་ཆེད་བསླུ་བྲིད་ཀྱི་བྱུས་ངན་འདིང་བཞིན་པ། ད་དུང་རྒྱ་ནག་གཞུང་གིས་བོད་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་དང་། ཆོས་ལུགས་མི་སྣ། མང་ཚོགས་ཀྱི་ཆོས་དད་བཅས་ལ་དམིགས་སུ་བཀར་ནས་རིག་གསར་འཕྲུལ་ཆས་བརྒྱུད་དམ་དྲག་བྱེད་བཞིན་པ། ལྷག་པར་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གི་ས་ཁུལ་ཁྱོན་ཡོངས་སུ་མི་མང་གི་འགྲོ་འདུག་སྤྱོད་གསུམ་རིག་གསར་འཕྲུལ་ཆས་བརྒྱུད་ནས་དམ་དྲག་གི་ལས་གཞི་སྲ་བརྟན་བཟོ་ཐབས་བྱེད་བཞིན་ཡོད་པ་བཅས་ལས་མངོན་གསལ་དོད་པོ་ཆགས་ཡོད། དུས་རབས་ཉེར་གཅིག་པའི་དུས་སྐབས་འདིར་འཚེ་བ་ཅན་གྱི་དྲག་སྤྱོད་ཀྱིས་འཛམ་གླིང་ནང་འཆམ་མཐུན་དང་ཞི་བདེ་ལྷིང་འཇགས་ཡོང་ཐབས་མེད་པ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་ནས་བཀའ་སློབ་ལམ་སྟོན་ཕེབས་བཞིན་པ་ལྟར་དངོས་ཡོད་གནས་སྟངས་ལ་སོང། རྒྱ་ནག་གཞུང་གིས་ཀྱང་འགྲོ་བ་མིའི་རང་དབང་ཐོབ་ཐང་དང་དུས་ཀྱི་དགོས་མཁོ་བཅས་ལ་བསམ་གཞིག་གིས་རང་ཉིད་ཀྱི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་ཞིག་གཏང་ཐུབ་ཚེ་རྒྱ་ནག་སྐམ་ས་ཆེན་པོའི་མི་རིགས་གཙོ་བོར་གྱུར་བའི་འཛམ་གླིང་མི་མང་ཡོངས་ལ་ཞི་བདེ་བག་ཕེབས་ངང་འཚོ་གནས་ཐུབ་པའི་གོ་སྐབས་ཤིག་སྐྲུན་ཐུབ་རྒྱུ་ངེས་པས་འཚེ་བ་མེད་ཅིང་བྱམས་བརྩེའི་རང་བཞིན་ལྡན་པའི་སྲིད་བྱུས་གུ་ཡངས་ཤིག་གི་ཐོག་འགྱུར་བ་གཏོང་རྒྱུའི་ཕུགས་བསམ་གཏོང་དགོས་པའི་རྒྱ་ནག་གཞུང་ལ་སྐུལ་མ་ནན་པོ་བྱ་རྒྱུ་ཡིན།
བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་སྲིད་བྱུས་ཡིན་པ་ལྟར་སྲིད་བྱུས་དེ་ལ་འགྱུར་བ་མེད་པའི་ཐོག་ནས་རྒྱ་ནག་གཞུང་དང་ཞི་མོལ་བརྒྱུད་བོད་རྒྱའི་དཀའ་ངལ་སེལ་ཐབས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་འབད་བརྩོན་གནང་བཞིན་པ་ནི་བོད་རྒྱ་གཉིས་ཀར་སྨན་པའི་འཚེ་བ་མེད་ཅིང་ཞི་བདེ་སྐྲུན་ཐུབ་པའི་ཐབས་ལམ་བཟང་ཤོས་དེ་ཡིན་པར་སོང་ཨ་རི་དང་། ཡུ་རོབ། རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་གཙོས་རྒྱལ་སྤྱིའི་ཚོགས་པ་ཁག་དང་མི་སྒེར་སོགས་མང་པོ་ཞིག་གིས་བསྔགས་བརྗོད་དང་རྒྱབ་སྐྱོར་གནང་དང་གནང་བཞིན་པ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་ཅན། དེ་བཞིན་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་གཟུར་གནས་ཤེས་ཡོན་ཅན་མང་པོས་ཡི་རང་བསྔགས་བརྗོད་ཀྱིས་རྒྱབ་སྐྱོར་ཞུ་བཞིན་ཡོད། དེ་འབྲེལ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཙོས་ཕྱིའི་རྒྱལ་ཁབ་ཁག་མང་དག་ཅིག་གི་སོ་སོའི་གྲོས་ཚོགས་ནང་བོད་དོན་ཐོག་གཞུང་འབྲེལ་གྲོས་ཆོད་དང་གྲོས་འཆར་རིམ་པར་འཇོག་ཐུབ་པ་བྱུང་ཡོད། དཔེར་ན་ཁག་ཅིག་འདིར་ཞུས་པ་ཡིན་ན། ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གཞུང་གིས་ “བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་ཡིག“ གཏན་འབེབས་གནང་བ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act 2019) ལ་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་གནང་བ། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་སྐུ་ཞབས་ཊེཌ་ཡོ་ཧོ་ (Ted Yoho) མཆོག་དང་། མའི་ཀལ་མེག་ཀོལ་ (Michael McCaul) མཆོག ཁི་རིས་སི་མིཌ་ (Chris Smith) མཆོག ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་བཅས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་དགོས་པ་དེ་ཇི་ཙམ་གལ་གནད་ཆེན་པོ་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་། མཐུན་སྒྲིལ། འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་བཟང་ལ་ངོས་འཛིན་ཞུས་པའི་ཁྲིམས་འཆར་ངོ་སྤྲོད་གནང་ཡོད།
ཡང་ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སི་རུ་སྲིད་འཛིན་དབུ་བཞུགས་ཐོག་ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་འདུ་འཛོམས་ (National Prayer Breakfast) ཐེངས་ ༦༨ པ་ཚོགས་སྐབས་ཚོགས་འདུའི་སྟེང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དམིགས་བསལ་སྐུ་མགྲོན་གྱི་གྲས་སུ་མགྲོན་འབོད་གནང་ཐོག རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དམ་དྲག་དང་རྩ་གཏོར་གཏོང་གི་ཡོད་པའི་བརྙན་ཐུང་ཞིག་ཀྱང་གཟིགས་འབུལ་གནང་བ་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་གིས། དེ་རིང་འདིར་ཆོས་ལུགས་དད་མོས་ཀྱི་རྒྱུ་མཚན་ལ་བརྟེན་ནས་བཙན་གནོན་དང་། གར་སོང་ཆ་མེད། དམར་གསོད་ཐེབས་བཞིན་པའི་མི་གྲངས་ས་ཡ་མང་པོའི་ཆེད་དུ་འབོད་སྒྲ་འདོན་པར་རྒྱབ་སྐྱོར་བྱེད་མཁན་འདི་རུ་འཛོམས་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ང་ཚོས་མཉམ་དུ་༸པཎ་ཆེན་བླ་མ་མཆོག་གཙོ་བོར་གྱུར་བའི་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་མི་རྣམས་དང་། རང་གི་ཆོས་ལུགས་དད་མོས་ཀྱིས་རྐྱེན་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཡོངས་ཀྱི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད་སྐོར་གསུངས་གནང་ཡོད།
ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་ཚོགས་སྐབས་བོད་མི་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས། གཞན་རྒྱལ་ཁབ་དང་། སྲིད་གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལའང་མེད་པ་དང་། རྒྱ་ནག་གཞུང་གིས་དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་གཏན་ལ་ཕབ་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པའི་ཁྲིམས་ཡིག་བརྒྱུད། ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཇུས་ངན་བཏོན་དང་འདོན་བཞིན་པ་དེེར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་སྤྱི་མོས་ཀྱི་གྲོས་ཆོད་གཅིག་དང་། ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་བསྐོང་ཚོགས་གནང་སྐབས་༸རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་མུ་མཐུད་ངེས་འབྱོན་དགོས་པའི་བཅོས་མིན་གསོལ་འདེབས་དང་། དེ་ཡང་ཡང་སྲིད་ཕེབས་ཕྱོགས་ཐད་ཐག་གཅོད་གནང་རྒྱུའི་འགན་དབང་༸རྒྱལ་དབང་ཉིད་ཁོ་ནར་ཡོད་པ་ལས་གཞན་སྲིད་གཞུང་ལ་སོགས་སུ་ལའང་མེད་པ། དེ་ཡང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཡང་དག་ལ་བརྟེན་ཅིང་མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ལྟར་ངོས་འཛིན་བྱ་རྒྱུའི་སྤྱི་མོས་ཀྱིས་དམིགས་བསལ་གྲོས་ཆོད་གཅིག་བཅས་སྣོལ་འཇོག་གནང་ཐུབ་པ་བྱུང་ཡོད།
གོང་གསལ་ཚོགས་ཆེན་གཉིས་ཀྱི་གྲོས་ཆོད་ཁག་རྗེས་འབྲེལ་གྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ པའི་ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སེམ་བྷ་རོན་བྷེ་ཀི་ Sam Brownback མཆོག་བཞུགས་སྒར་རྡ་སར་ཕེབས་སྐབས། ང་ཚོའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ལ་ཧ་ཅང་བརྩི་བཀུར་ཞུ་བཞིན་ཡོད། བོད་ཀྱི་རིག་གཞུང་ནི་འགྲོ་བ་མི་ཡོངས་ཀྱི་གཅེས་ནོར་ཡིན་པ་དང་། ཨ་རི་དང་བོད་མིའི་དབར་ལོ་རེ་བཞིན་འབྲེལ་བ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ། ང་ཚོ་བོད་མི་ཚོ་དང་མཉམ་དུ་ལངས་ཡོད། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་ལམ་ལུགས་ནི་བོད་ཀྱི་ཐུན་མོང་མིན་པའི་ལམ་ལུགས་ཤིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་འགྲོ་སྟངས་ལྟར་བྱེད་དགོས་ཀྱི་ཡོད་པར་བརྟེན་རྒྱ་ནག་གཞུང་ནས་དེའི་ཐོག་ཐེ་བྱུས་བྱེད་མི་ཆོག་ཅེས་པའི་གྲོས་ཆོད་ལ་ཨ་རི་གཞུང་གིས་རྒྱབ་སྐྱོར་ཡོད་པ་དང་། ཨ་རིའི་ངོས་ནས་གཞན་གྱི་ཐེ་བྱུས་མེད་པར་བོད་མི་ཚོས་རང་དབང་གི་སྒོ་ནས་བླ་སྤྲུལ་ངོས་འཛིན་གནང་རྒྱུར་རྒྱབ་སྐྱོར་ཡོད་སྐོར་གསུང་གནང་ཡོད།
དེ་མིན་ཨིན་ཡུལ་གཙོས་པའི་རྒྱལ་ཁབ་གཞན་ཁག་ཅིག་ནས་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་སྐོར་སོ་སོའི་གྲོས་ཚོགས་ཀྱི་ནང་ལ་ཁྲིམས་འཆར་འདོན་གནང་བ་དང་གླེང་སློང་གནང་བ་དེ་འདྲ་བྱུང་ཡོད། གཞན་ཡང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་གཞན་དག་མང་པོས་སོ་སོའི་གྲོས་ཚོགས་ནང་བོད་དོན་ཐོག་གླེང་སློང་གནང་བ་ཀྱང་གང་འཚམས་བྱུང་ཡོད་པ་བཅས་ཀྱིས་ཨ་རིས་གཙོས་འཛམ་གླིང་རྒྱལ་ཁབ་ཆེ་ཁག་མང་པོས་བོད་དོན་ཐོག་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་སྔར་བས་ཚད་མཐོར་གནང་གི་ཡོད་པའི་རྣམ་པ་མཚོན་ཐུབ། རྒྱབ་སྐྱོར་དེ་དག་གིས་བོད་དང་བོད་མི་ཚོར་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད་པས་མ་འོངས་པར་ཡང་མུ་མཐུད་དེ་རྒྱབ་སྐྱོར་གནང་ཐབས་ཡོང་བའི་རེ་བསྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལཊ་ཝི་ཡའི་ (Latvia) རྒྱལ་ས་རཱི་གྷར་ (Riga) རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་ (Seventh World Parlimentarians’ Convention on Tibet) ཚོགས་གནང་བ་དང་། སྐབས་དེར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིས་གཙོས་ཚོགས་བཅར་བ་གནད་ཡོད་མི་སྣ་གྲངས་ ༡༠༠ ཙམ་མཉམ་ཞུགས་གནང་ཡོད། ཚོགས་འདུའི་ཐོག་བོད་ཀྱི་རྩ་དོན་གཙོ་བོར་གྱུར་བའི་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་རཱི་གྷ་སྤྱི་བསྒྲགས་ (Riga Declaration) དང་མ་འོངས་པའི་རཱི་གྷ་ལག་བསྟར་འཆར་གཞི་ (Riga Action Plan) བཅས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་ (Eighth International Conference of Tibet Support Groups) ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་སར་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་ ༤༢ ཙམ་ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༨༠ ལྷག་ཙམ་ལྷན་འཛོམས་གནང་སྟེ་བོད་དོན་ཐོག་བསྒྲགས་གཏམ་སྤེལ་གནང་ཡོད། ཚོགས་ཆེན་འདི་རིགས་ཀྱི་བརྒྱུད་ནས་རྒྱལ་སྤྱིའི་སྟེང་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་དང་བོད་དོན་དྲིལ་བསྒྲགས་རྒྱ་གང་ཆེར་སྤེལ་ཐབས་འབད་བརྩོན་ཞུས་དང་ཞུ་མུས་ཡིན་པ་མ་ཟད་རྒྱབ་སྐྱོར་ཡང་གང་ལ་གང་འཚམས་ཐོན་ཐུབ་པ་འབྱུང་བཞིན་ཡོད།
མི་ཐོག་གསར་པ་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་ཧམ་བཟུང་མ་བྱས་ཀྱི་བར་དུ་བོད་དེ་རང་དབང་རང་བཙན་གཙང་མ་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ད་བར་འཛམ་གླིང་མི་མང་དང་སོ་སོའི་མི་སེར་ཚུན་ཆད་ལ་མགོ་སྐོར་བཏང་སྟེ་དངོས་ཡོད་གནས་ཚུལ་སྦས་འགེབས་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ལུགས་ཀྱི་རྫུན་གཏམ་བདེན་སྒྲིག་ཐུབ་ཐབས་ཀྱི་གཡོ་སྒྱུའི་འཁྲབ་སྟོན་སྣ་ཚོགས་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྟེང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཚོས་རྒྱ་ནག་གཞུང་གི་རྫུན་གཏམ་དང་གཡོ་སྒྱུའི་འཁྲབ་སྟོན་ལ་ཡིད་ཆེས་ནམ་ཡང་བྱེད་ཀྱི་མེད། བོད་ཀྱི་བདེན་པའི་འཐབ་རྩོད་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་བཅས་གཞི་ལ་བཞག་པའི་ཐོག་ནས་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག དེ་བཞིན་མི་མང་བཅས་ཚང་མས་དོ་ཁུར་ཆེ་བཞེས་ཀྱིས་རང་འཁྲིའི་རྩ་དོན་དང་འབྲེལ་བའི་ལས་དོན་ཆེ་ཕྲ་ཆུང་གསུམ་གང་ཅིར་འབད་འབུངས་ཞུས་དང་ཞུ་མུས་ཀྱིས་ད་ལྟའི་བར་དུ་བོད་ཀྱི་འཐབ་རྩོད་དེ་ཉིད་གསོན་པོར་གནས་ཐུབ་ཡོད། རིང་པོར་མ་སོང་བར་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཀྱི་ཕྱར་གྲུ་མཉམ་འདེགས་ངེས་པར་ཞུ་དགོས་པའི་འབོད་བསྐུལ་ནན་ཏན་ཞུ་བཞིན་ཡོད།
དེང་གི་ཆར་རང་རིགས་མི་ཉུང་བ་ཞིག་གིས་སོ་སོའི་རྩ་ཆེའི་དུས་ཚོད་མང་ཆེ་བ་ཁ་པར་ནང་གི་སྐད་འཕྲིན་དང་ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་ཁག་གི་ཐོག་བཏང་རྐྱེན་སྐབས་རེར་ཆོལ་ཁ་ཆོས་ལུགས་དང་བཅས་པའི་བོད་མི་ཕན་ཚུན་དབར་རྩོད་གཞི་བཟོས་ཏེ་ནང་ཁུལ་མི་འཆམ་པའི་དཀའ་ངལ་མཚམས་ཆད་རྒྱུ་མེད་པ་དེ་འདྲ་ཡོང་བཞིན་ཡོད་སྟབས། རྒྱ་ཆེའི་མང་ཚོགས་ནས་སོ་སོའི་རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་མ་གཏང་བར་སོ་སོའི་མ་འོངས་པའི་མདུན་ལམ་དང་། བོད་ཀྱི་རྩ་དོན་ཐོག་གཏོང་ཐབས་དགོས་གལ་ད་རེས་གོ་སྐབས་འདི་བརྒྱུད་ནས་ཚང་མར་འབོད་བསྐུལ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་བོད་རྒྱལ་ཁབ་ཀྱི་བདག་པོ་བོད་མི་རྣམས་ཡིན་ཙང་བོད་ཀྱི་བདེན་མཐའ་གསལ་བ་བྱ་བར་བོད་མི་མི་རེ་ངོ་རེར་འགན་ཡོད་པ་ཞུ་མི་དགོས་པར་ཚང་མས་མཁྱེན་གསལ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་རབ་དང་རིམ་པ་མང་པོ་ཕེབས་དང་ཕེབས་པ་བཞིན། བོད་མི་རིགས་ཀྱི་ངོ་བོ་མི་བརླག་པའི་ཕྱིར་སོ་སོའི་སྐད་ཡིག་དང་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པ་དང་། བོད་མི་རིགས་ཀྱི་ངོ་བོ་ཆོས་དང་རིག་གཞུང་དེ་དག་རྩ་གཏོར་གཏོང་ཕྱིར་རྒྱ་ནག་གཞུང་གིས་ཐབས་རྒྱ་བྱུས་སྟོང་གིས་ངན་བྱུས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། གཞིས་བཞུགས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་ལྷག་བསམ་དང་སྙིང་སྟོབས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས། དེ་བཞིན་མི་རབས་རྒན་པ་ཚོའི་བཀའ་དྲིན་བཅས་ལ་བརྟེན་ནས་འཛམ་གླིང་ས་ཕྱོགས་གང་སར་བོད་པར་ཤ་ཚ་དང་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།
འདས་པའི་ཟླ་བ་གཉིས་ལྷག་གི་གོང་ནས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནང་ནས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཏོག་དབྱིབས་ནད་འབུའི་འགོས་ནད་དེ་བོད་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ཁྱབ་བརྡལ་འགྲོ་བཞིན་པའི་ཡིད་སྐྱོའི་ཛ་དྲག་གནས་ཚུལ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་བློ་འཚབ་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ནད་ཡམས་དེ་འཛམ་གླིང་བརྒྱ་ཆ་ཕྱེད་ཀ་ལྷག་གི་ནང་ཁྱབ་བརྡལ་འགྲོ་ཉེན་ཆེ་བའི་ཚོད་དཔག་བྱེད་བཞིན་ཡོད་འདུག་ན། འཛམ་གླིང་མི་མང་ཚང་མས་ཡིད་གཟབ་གནང་རོགས་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་ནད་འབུ་མཆེད་ཡོང་སའི་ཝུ་ཧན་གྲོང་ཁྱེར་ནས་བོད་ནང་འགྲོ་སྐྱོད་ཀྱི་སྒོ་སྔོན་ཚུད་མ་བརྒྱབ་པར་བོད་ནང་གི་བོད་མི་ཚོར་སྲུང་སྐྱོབ་དང་སྨན་བཅོས་གང་ཡང་མེད་པར་ནད་འབུ་འགོས་ཆོག་ཆོག་གི་ཉེན་ཁ་བཟོས་པ་ཙམ་དུ་མ་ཟད། བོད་ཀྱི་ས་ཁུལ་རྟའུ་རྫོང་དུ་འགོས་ནད་དེ་ཉི་མ་ནས་ཉི་མར་ཇེ་མང་ཁྱབ་བརྡལ་དུ་འགྲོ་བཞིན་པར་བློ་ཕམ་ཤིན་ཏུ་ཆེ། བོད་དེ་རྒྱ་ནག་གཞུང་གི་དབང་འོག་ཏུ་ཡོད་སྟབས་བོད་ནང་གི་བོད་མི་ཚོར་འགོས་ནད་དེའི་དཀའ་ངལ་མི་འཕྲད་པ་བྱ་རྒྱུའི་འགན་འཁྲི་དེ་རྒྱ་ནག་གཞུང་ལ་ཡོད་པས་བོད་མི་ཚོ་ལའང་གཅིག་མཚུངས་ཀྱི་རོགས་སྐྱོར་ངེས་ཞུ་དགོས་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་རྒྱ་གཞུང་ལ་བཀོད་འདོམས་ཡོང་བའི་འབོད་བསྐུལ་ཞུ་བཞིན་ཡོད། རྒྱ་ནག་གཞུང་གིས་རིམས་ནད་དེ་གང་མགྱོགས་འགོག་ཐབས་དགོས་པའི་བསྐུལ་ལྕག་ཞུ་རྒྱུ་ཡིན།
བོད་ཀྱི་ཛ་དྲག་གནས་བབ་ལ་གཞིགས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་དང་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག དེ་བཞིན་གནད་ཡོད་མི་སྣ་དང་རྒྱ་ཆེའི་མི་མང་ཡོངས་ལ་བོད་དོན་ཞུ་སྐུལ་གྱི་ལས་རིམ་སྤེལ་དང་སྤེལ་མུས་ཡིན། བོད་ཀྱི་སྣོད་བཅུད་ཆགས་འཇིག་ཉག་ཕྲའི་དུས་འདིར་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་མཁན་སྲིད་གཞུང་གི་དབུ་ཁྲིད་དང་གྲོས་ཚོགས་ཀྱི་ཚོགས་མི། ཚོགས་པ་དང་མི་སྒེར། ལྷག་པར་རྒྱ་གར་དབུས་སའི་གཞུང་དང་མི་མང་ཡོངས་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ ལ།།