ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ལོ་ལྔའི་རིང་བསྟུད་མར་བོད་ནི་འཛམ་གླིང་ནང་ཆེས་རང་དབང་མེད་པའི་རྒྱལ་ཁབ་ཨང་གཉིས་པ་ཡིན་པ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རང་དབང་ཁང་པས་ཕྱི་ལོ་ ༢༠༢༠ ལོའི་སྙན་ཐོའི་ནང་བཀོད་འདུག
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༤ ཉིན་རང་དབང་ཁང་པས་ཕྱི་ལོ་ ༢༠༢༠ ལོའི་སྙན་ཐོའི་ནང་འཛམ་གླིང་གི་རྒྱལ་ཁབ་ ༢༡༠ དང་མངའ་ཁུལ་ཁག་ལ་ཞིབ་འཇུག་གནང་བའི་ཁྲོད་ནས་རྒྱལ་ཁབ་ ༨༣ དང་མངའ་ཁུལ་ ༡ བཅས་རང་དབང་ཡོད་པའི་ཁོངས་སུ་བཀོད་འདུག་པ་དང་། རྒྱལ་ཁབ་ ༦༣ དང་མངའ་ཁུལ་ ༤ ཅུང་ཟད་རང་དབང་། རྒྱལ་ཁབ་ ༤༩ དང་མངའ་ཁུལ་ ༡༠ ལ་རང་དབང་མེད་པ་བཀོད་འདུག རང་དབང་ཁང་པའི་སྙན་ཐོའི་ནང་བཀོད་པ་ལྟར་ན། སི་རི་ཡ་ Syria ནི་འཛམ་གླིང་ནང་ཆེས་རང་དབང་མེད་པའི་རྒྱལ་ཁབ་ཨང་དང་པོ་དང་། གཉིས་པ་བོད། གསུམ་པ་ཐུར་ཀི་མེ་ནི་སི་ཐན། Turkmenistan བཞི་པ་ལྷོ་སུ་དན། South Sudan ལྔ་པ་བྱང་ཀོ་རི་ཡ་ North Korea བཅས་ཡིན་ཞིང་། རང་དབང་ཁང་པས་འཛམ་གླིང་ནང་འགྲོ་བ་མིའི་རང་དབང་གི་ཐོག་དམ་བསྒྲགས་ཤུགས་ཆེ་ཤོས་བྱེད་མཁན་རྒྱལ་ཁབ་ ༡༥ མིང་གཞུང་བཀོད་པའི་ཁོངས་ནས་རྒྱ་ནག་དེའི་ཁྲོད་ནས་གཅིག་ཆགས་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་གཙང་བཟོ་བྱེད་མཁན་གྱི་རྒྱལ་ཁབ་ ༡༡ ཡོད་པའི་ཁྲོད་ནས་གཅིག་རེད་ཅེས་མིང་འདོགས་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་དེ་སྔོན་བོད་མི་དང་རྒྱ་རིགས་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པ་ Falung Gong ཚོའི་ཐོག་དྲག་གནོན་ཚད་ལས་བརྒལ་བ་བྱས་ཡོད་པ་བཞིན་ད་ལྟ་ཤར་ཏུར་ཀི་སི་ཐན་ནང་རིག་གཞུང་རྩ་གཏོར་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དཔེ་མཚོན་བཀོད་འདུག་པ་བཅས།།