ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༥ ཉིན་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ Human Rights Watch རྒྱ་ནག་གཞུང་གིས་བོད་ནང་སྐད་གཉིས་སློབ་གསོའི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་བསླབ་གཞི་ཉེན་ཁའི་ནང་དུ་ཡོད་བའི་སྙན་ཐོ་ཤོག་གྲངས་ ༩༡ ཅན་ཞིག་བཏོན་ཡོད།
དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་གྲོང་སྡེ་ཁག་ ༦ གི་གཞི་རིམ་སློབ་གྲྭའི་ཕ་མ་ཁག་གཅིག་ལ་བཅར་འདྲི་བྱས་ཡོད་པ་དང་། ཕ་མ་རྣམས་ཀྱིས་བོད་ཁུལ་གྱི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཁྲིད་ཀྱི་བསླབ་གཞི་རྒྱ་ཡིག་ལ་བསྒྱུར་དགོས་པའི་གཞུང་འབྲེལ་གསལ་བསྒྲགས་རིགས་གང་ཡང་འབྱོར་མེད་ནའང་ཕྱི་ལོ་ ༢༠༡༩ ཟླ་ ༣ ནས་བཟུང་ས་གནས་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་ནང་རྒྱ་ཡིག་ཐོག་སློབ་ཁྲིད་འགོ་བཙུགས་ཡོད་པ་བརྗོད་འདུག
བོད་ཁུལ་གྱི་གཞི་རིམ་སློབ་གྲྭ་དང་བུ་བཅོལ་ཁང་ལ་རྒྱའི་སྐད་ཡིག་གཙོ་གཉེར་བྱེད་ཀྱི་ཡོད་སྐོར་ལ་སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༡༦ ལོར་ལྷ་ས་སློབ་གསོ་ཁང་གིས་རྒྱལ་ས་ལྷ་སའི་ཕྱི་རོལ་གྱི་གྲོང་གསེབ་ཁག་ཚུད་པའི་ལྷ་སའི་མངའ་ཁོངས་རྫོང་ཁག་མང་ཆེ་བའི་གཞི་རིམ་སློབ་གྲྭའི་ནང་ཨང་རྩིས་སློབ་ཚན་རྣམས་བསླབ་གཞི་རྒྱའི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་བཞིན་ཡོད་པ་ཡོངས་གྲགས་བྱས་ཡོད་པ་དང་། དེ་ནི་བསླབ་གཞི་རྒྱའི་སྐད་ཡིག་ནང་བསྒྱུར་བའི་གནས་ཚུལ་ཤེས་རྟོགས་བྱུང་བ་ཐེངས་དང་པོ་དེ་ཆགས་ཡོད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རིམ་སློབ་གྲྭ་ཁག་གི་ནང་ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ ལོ་བར་གྱི་ལོ་འཁོར་སློབ་དུས་སུ་རྒྱའི་སྐད་ཡིག་གཙོ་གཉེར་གྱི་བསླབ་གཞི་མགོ་འཛུགས་དགོས་པའི་སྲིད་བྱུས་ངོ་སྤྲོད་བྱས་ཟིན་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༤ པའི་ནང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུའང་གཅིག་མཚུངས་ཀྱི་ངོ་སྤྲོད་བྱས་ཡོད་པ་མ་ཟད། མཚོ་སྔོན་གྱི་བོད་རིགས་ས་ཁུལ་གཞན་དུའང་གོང་གསལ་སྲིད་བྱུས་དེ་ལྟ་བུ་མི་འགྱངས་བར་ངོ་སྤྲོད་བྱ་སྲིད་སྐོར་སོགས་བཀོད་འདུག
སྐད་གཉིས་སློབ་གསོའི་སྲིད་བྱུས་འདི་བཞིན་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཡོངས་ལ་ངོ་སྤྲོད་ལག་བསྟར་བྱས་ཡོད་པ་དང་། རིམ་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་གི་བོད་མིའི་གཞི་རིམ་བོད་ཡིག་སློབ་གྲྭ་ཁག་གི་ནང་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་འགོ་བཙུགས་འདུག །