ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༢ བོད་ཀྱི་བུད་མེད་ཉིན་མོར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་འདི་ལོའི་རྒྱལ་སྤྱི་བུད་མེད་ཉིན་མོའི་བརྗོད་གཞི་འདྲ་མཉམ་ Each for Equal ཞེས་པའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་སོང་།
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༢ རེས་གཟའ་ཕུར་བུ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཟླ་ ༣ ཚེས་ ༡༢ ཉིན་ཏེ་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། དེ་སྔོན་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ནང་བུད་མེད་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་བསྟན་པ་ཆབ་སྲིད་དང་རྩ་དོན་སླད་རྒྱ་ནག་དམར་པོའི་དྲག་གནོན་ལ་ཞི་རྒོལ་གྱེན་ལངས་ཤུགས་ཆེ་གནང་ཡོད། དེར་བརྟེན་དེ་རིང་གི་ཉིན་མོ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།
ཕྱི་ལོ་ ༡༩༥༠ ཙམ་ནས་ད་བར་བོད་ཀྱི་བུད་མེད་རྣམས་ནས་བོད་ཀྱི་རྩ་དོན་སླད་ལས་འགུལ་འདྲ་མིན་མང་པོ་སྤེལ་ཡོད། ལྷག་པར་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་ཆེད་བོད་མི་ ༡༥༤ རང་ལུས་མེར་སྲེག་གནང་བ་དང་། དེ་ཁོངས་ནས་བུད་མེད་མི་ཉུང་བ་ཞིག་ནས་ཀྱང་ཆ་ཤས་བླངས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་བ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། འདི་ག་གངས་སྐྱིད་ལས་ཁུངས་ཁག་ཏུའང་མུ་མཐུད་ལག་བསྟར་བྱེད་མུས་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་འཛུགས་ནང་ལས་བྱེད་ཕོ་མོའི་དབར་དབྱེ་འབྱེད་རྩ་བ་ནས་མེད། གཙོ་ཆེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་སྒྲིག་འཛུགས་ཀྱི་སྲིད་བྱུས་བཟང་པོ་ལག་བསྟར་རྒྱུན་འཛིན་གནང་བའི་དྲིན་ལས་ཡིན།
ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་བཞིན་པ་སྲི་ཞུ་བ་གྲངས་ ༢༠༩ བུད་མེད་ཡིན། དེའི་ཁོངས་ནས་བུད་མེད་ས་གནས་འགོ་འཛིན་གནང་བཞིན་པ་གྲངས་བཅུ་ཡོད། སྲི་ཞུའི་ལས་བྱེད་རྣམས་ལ་ཞུ་རྒྱུར། ས་གནས་ཁག་ཏུ་ཕེབས་ཚེ་ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ནང་ཕན་ཐོགས་བྱེད་ཐུབ། དེ་ལྟར་ཡོང་བར་སྲི་ཞུ་བ་ཚང་མས་འགན་བཞེས་རོགས།
ཕྱི་ལོ་ ༡༩༦༣ ཙམ་ལ་ཡུ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་ནང་དུ་གྲོས་ཚོགས་འཐུས་མི་བུད་མེད་མེད་པའི་སྐབས་བོད་ཀྱི་སྤྱི་འཐུས་ལྷན་ཚོགས་སུ་བུད་མེད་གྲོས་ཚོགས་འཐུས་མི་བསྐོས་ཟིན་ཡོད།
བུད་མེད་ནུས་སྟོབས་སྤེལ་སླད་ཕོ་མོ་མཉམ་རུབ་བྱེད་དགོས། སྐྱེས་པ་ཟུར་ཕུད་བྱས་ནས་བུད་མེད་ནུས་སྟོབས་སྤེལ་རྒྱུ་ཟེར་བ་ཁག་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་མཚམས་བཙན་བྱོལ་བུད་མེད་རྣམས་ནས་ལམ་བཟོ་ནས་དེང་གི་བར་སྤྱི་ཚོགས་འཕེལ་རིམ་ནང་མཉམ་ཞུགས་གནང་བའི་བརྒྱུད་རིམ་སྐོར་བརྙན་ཐུང་གཟིགས་འབུལ་ཞུས།
སྐབས་དེར་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ལས་བྱེད་བསྟན་འཛིན་སྒྲོལ་དཀར་ལགས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་བཀྲ་ཤིས་སྒྲོལ་མ་ལགས། ཨ་རིར་གནས་སྡོད་ཟླ་བ་ལོ་སྐྱིད་ལགས་བཅས་ཀྱིས་བོད་ཀྱི་བུད་མེད་ཉིན་མོ་དང་འབྲེལ་བའི་གསུང་ཤད་གནང་བ་དང་། ཕྱོགས་མཚུངས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་བུད་མེད་ཐོག་བརྩམས་པའི་སྙན་ངག་སྒྲོག་སྦྱང་གནང་མཐར་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ལས་བྱེད་ཚེ་རིང་སྐྱིད་ལགས་ཀྱིས་ཚན་པའི་ལས་དོན་སྤྱིའི་སྐོར་ངོ་སྤྲོད་གནང་བ་བཅས། །