ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དབུ་མའི་ལམ་གྱི་ལས་འཆར་ཚན་པའི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྲི་ཞུའི་ལས་བྱེད་གྲངས་ ༢༧ ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ཟབ་འཁྲིད་པའི་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། དྲུང་ཆེ་ལས་འཕར་འཆི་མེད་ཚེ་དབྱངས་ལགས།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕེབས་པའི་ཟབ་སྦྱོང་ཁྱད་སྟོན་མི་སྣ་ལྕམ་སྐུ་ཇ་ཡ་ Jaya ལགས། ལྕམ་སྐུ་དུར་བྷ་ Durba ལགས། དེ་བཞིན་ཟབ་སྦྱོང་སླད་མཉམ་ཞུགས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྲི་ཞུའི་ལས་བྱེད་གྲངས་ ༢༧ བཅས་ཕེབས་ཡོད།
དེ་ཡང་མཛད་སྒོའི་ཐོག་མ་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་ཚན་པའི་འགན་འཛིན་བསྟན་འཛིན་རབ་འབྱམས་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་སྐོར་ངོ་སྤྲོད་གནང་གྲུབ་མཚམས། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཟབ་སྦྱོང་ཁྱད་སྟོན་མི་སྣ་དང་མཉམ་ཞུགས་པ་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས།
ཟབ་སྦྱོང་སླད་ཁྱད་སྟོན་མི་སྣ་རྒྱ་གར་བ་ཆེད་མངགས་གདན་ཞུ་གནང་དགོས་དོན་ནི། ཟབ་སྦྱོང་འདི་བཞིན་ཁྱད་སྟོན་མི་སྣས་ཟབ་འཁྲིད་པར་མང་ཚོགས་ལ་གོ་རྟོགས་དང་འགྲེལ་བཤད་ཇི་ལྟར་རྒྱག་དགོས་པའི་ཐབས་ལམ་སྐོར་ཟབ་འཁྲིད་གནང་རྒྱུ་ཡིན་སྟབས་རྒྱ་གར་བ་གདན་ཞུ་གནང་བ་རེད། ཅེས་དང་། གཞན་ཡང་ཐེངས་འདིའི་ཟབ་སྦྱོང་ཐོག་ཆེད་དུ་མཉམ་ཞུགས་གནང་མཁན་ཡོངས་ནས་དུས་ཚོད་ལ་སྟངས་འཛིན་གྱིས་ཟབ་སྦྱོང་གི་རེའུ་མིག་ལྟར་དུས་ཐོག་ཕེབས་རོགས། ཞེས་གསུངས། ཟབ་སྦྱོང་འདི་བཞིན་ཕྱི་ཚེས་ ༡༡ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༡༣ བར་འཚོགས་གནང་རྒྱུ་ཡིན་པ་བཅས།།