ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༧ ཉིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༣ ཚོགས་འདུའི་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ UN High Commissioner for Human Rights ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ Michelle Bachelet Jeria མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་སྒྲོགས་སྦྱང་གནང་བའི་སྐབས་མགྲོན་འབོད་འབྱོར་བ་ལྟར་ལོ་འདིའི་ནང་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད།
དེ་ཡང་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་མཆོག་གིས་འབྱུང་འགྱུར་གྱི་གཟིགས་སྐོར་དང་འབྲེལ་ནས་གསུང་དོན། ཡུ་གུར་གྲངས་ཉུང་མི་རིགས་ཚུད་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞིབ་འཇུག་གཏིང་ཟབ་གནང་གི་ཡིན། ཞེས་གསུངས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། བོད་ལ་གཟིགས་སྐོར་དུ་མ་ཕེབས་པ་ཡིན་ན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞིབ་འཇུག་གཏིང་ཟབ་ཅིག་བྱེད་མི་ཐུབ། རྒྱ་ནག་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ལོ་ངོ་ ༦༠ ལྷག་གི་རིང་རྩིས་མེད་རྡོག་རོལ་བཏང་སྟབས། བོད་ནང་གི་བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་ ༡༥༤ ཡིས་རང་ལུས་མེར་སྲེག་བཏང་ཡོད། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་འབྱུང་འགྱུར་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་ཚེ་བོད་ནང་གི་བོད་མི་ཚོ་དུས་རྟག་ཏུ་འཇིགས་སྣང་ངང་འཚོ་བཞིན་ཡོད་པའི་དངོས་ཡོད་ཀྱི་གནས་སྟངས་ཤེས་རྟོགས་ཡོང་སླད་བོད་ལ་གཟིགས་སྐོར་དུ་ཕེབས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཤེས་རྟོགས་ཡོང་སླད་ཞིབ་འཇུག་བྱ་བར། བོད་ནང་ད་བར་བྱུང་བའི་གནས་སྟངས་སྐོར་ཞིབ་འཇུག་བྱེད་དགོས། བོད་ནང་གི་གཞི་རྩའི་དཀའ་ངལ་གང་ཡིན་པ་མ་སེལ་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཕེལ་རྒྱས་སུ་གཏོང་བསམས་པ་ནི་སྟོང་བསམ་རེད། ཅེས་གསུངས།།